འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎ལེ་དབར་སྟོང་གི་ས་ནས་བོད་དུ་ལོག་སྟེ་ལས་འགོ་བསྐྱར་འཛུགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་22ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་བོད་ལྗོངས་ལྷ་སའི་ཁེ་ལས་ཤིག་ཏུ་ཀྲུང་ཁོ་ཡིས་དུག་སེལ་ཐོན་རྫས་ཀྱི་ཉིན་རེའི་སྙན་སེང་རེའུ་མིག་ལེགས་སྒྲིག་བྱེད་བཞིན་པ།
འདི་ནི་བོད་ལྗོངས་ལྷ་སའི་ཁེ་ལས་ཤིག་ཏུ་ཀྲུང་ཁོ་ཡིས་དུག་སེལ་ཐོན་རྫས་ཀྱི་ཉིན་རེའི་སྙན་སེང་རེའུ་མིག་ལེགས་སྒྲིག་བྱེད་བཞིན་པ།
     ལོ་ལྟར་ལོ་གསར་རྗེས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་དུས་ཚིགས་སུ་སི་ཁྲོན་བ་ཀྲུང་ཁོ་ཡིས་སྒེར་འཁོར་བཏང་ནས་སྤྱི་ལེ་2000ལྷག་ཙམ་གྱི་ཁྲོན་བོད་གཞུང་ལམ་བརྒྱུད་དེ་ལྷ་སར་ཡོང་གི་ཡོད། ལམ་དེའི་གུག་ཆ་ཚང་མ་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད་ཅེས་བཤད་ཆོག འོན་ཏེ། འདི་ལོ་ཁོང་བོད་དུ་ལོག་ནས་ལས་འགོ་བསྐྱར་འཛུགས་བྱེད་པར་བྲེལ་འཚུབ་ཆེ་ལ་ཉེན་ཁ་ཆེན་པོའང་འཕྲད་ཡོད། ཉིན་མཚན་གསུམ་བསྟུད་མར་ལྷ་སར་ཡོང་བ་དང་། མཚན་མོར་རླངས་འཁོར་ནང་ཉལ་དགོས་བྱུང་བ་རེད།
     ལོ་42ལ་སླེབས་པའི་ཀྲུང་ཁོ་ནི་བོད་ཀྱི་དུག་སེལ་ཐོན་རྫས་ཐོན་སྐྱེད་ཀྱི་ཐོབ་ཐང་ལྡན་པའི་ཁེ་ལས་གཅིག་པུ་དེའི་ཐོན་སྐྱེད་འགན་འཁུར་བ་ཡིན་ཞིང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། བོད་དུ་དུག་སེལ་སྨན་ཆུ་སོགས་ཀྱི་ཐོན་རྫས་དཀོན་པོ་བྱུང་ཡོད། དཔྱིད་གསར་དུས་ཆེན་གོང་དུ་ཁྲེང་ཏུའུ་རུ་ལོ་གསར་གཏོང་བར་ལོག་པའི་ཀྲུང་ཁོར་ཉིན་ལྟར་ཟོག་འདེད་ཁ་པར་བརྒྱ་ཙམ་འབྱོར་གྱི་ཡོད།
     རིམས་ནད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ་མཐོང་སྐབས་ཀྲུང་ཁོ་ཡང་དངངས་སྐྲག་ཆེན་པོ་བྱུང་། ཟླ་1ཚེས་26ཉིན་གྱི་ལོ་གསར་ཚེས་གཉིས་ཉིན་ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་བརྡ་ཐོ་འབྱོར་བས་ལོ་གསར་གཏོང་ཁོམ་མེད་པར་བཟའ་བཅའ་དང་འཐུང་ཆུ་འགའ་རྟབ་རྟོབ་པོར་གྲ་སྒྲིག་བྱས་ནས་ཉིན་དེའི་མཚན་མོར་བོད་དུ་ལོག
     རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་ཁྲོན་བོད་ལམ་ཐིག་གི་ས་ཆ་མང་ཆེ་བའི་གཞུང་ལམ་ལ་དོ་དམ་ཚོད་འཛིན་བྱས་ཡོད། བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་བསལ་གྱི་བྱ་བ་དམིགས་བསལ་དུ་བསྒྲུབས་ཏེ་ཀྲུང་ཁོར་ལམ་ཐིག་ཧྲིལ་པོར་འགོག་རྐྱེན་མེད་པ་བྱས་ཡོད།
     ཀྲུང་ཁོ་ཡིས“ཐེངས་ཤིག་མཚན་མོའི་ཆུ་ཚོད་གཉིས་པར་ཞིབ་བཤེར་ས་ཚུགས་ཤིག་ཏུ་བཀག་པས། རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གི་བློ་མཐུན་ལ་ཁ་པར་རྒྱག་དགོས་བྱུང་། ཐུག་འཕྲད་གཏན་ནས་མེད་པའི་བློ་མཐུན་དེས་ཁ་པར་འབྱོར་རྗེས‘ཁྱེད་ལ་གནད་དོན་འཕྲད་སྐབས་ངར་ཁ་པར་རྒྱོབ། ངའི་ཁ་པར་ཆུ་ཚོད་24རིང་ཁ་ཕྱེ་ཡོད’”ཅེས་བཤད།
     ལེ་དབར་སྟོང་གི་ལས་འགོ་བསྐྱར་འཛུགས་ཀྱི་ལམ་བུའི་ཐོག་ཀྲུང་ཁོ་ཡུལ་པོ་མ་བྱུང་བར་རྟག་ཏུ་རོགས་རམ་ཐོབ་པ་དང་དྲོ་སྐྱིད་ཚོར་ཡོད།
     ཟླ་1ཚེས་30ཉིན་གྱི་ཕྱི་དྲོ། ཀྲུང་ཁོ་གཞི་ནས་ལྷ་སར་འབྱོར། ལྷ་སར་འབྱོར་བའི་ཉིན་དེར་བོད་ཀྱིས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ལག་བསྟར་བྱེད་འགོ་ཚུགས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་གཞིར་བཟུང་། ཀྲུང་ཁོ་ཡིས་ཕྱོགས་གཅིག་ནས་རང་ཉིད་ལོགས་སུ་བསྡད་པ་དང་ཕྱོགས་གཞན་ཞིག་ནས་ཟོག་འགྲེམས་ཀུང་སི་དང་འབྲེལ་གཏུག་བྱས་ཏེ་ནང་ས་ནས་མ་བཅོས་རྒྱུ་ཆ་དང་སྦྱོར་རྟའི་དངོས་རྫས་སྐྱེལ་རྒྱུའི་སྐོར་མཐུན་སྦྱོར་བྱས་པ་དང་། ཕྱོགས་གཅིག་ནས་ཁ་པར་བརྒྱུད་ཐོན་སྐྱེད་སྒྲིག་འཛུགས་བྱས་པ་རེད།
     དུས་ཐུང་གཟའ་འཁོར་གཅིག་ཀྱང་མ་འགོར་བར་ཀུང་སིས་དུག་སེལ་སྨན་ཆུ་ཁག་དང་པོ་ཐོན་སྐྱེད་བྱས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བོད་རང་སྐྱོང་ལྗོངས་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུར་རྩིས་སྤྲད་དེ་རིམས་འགོག་གི་འཐབ་ས་དང་པོར་སྤྱད་པ་རེད།
     ད་ཆ་ཀུང་སིས་ཉིན་ལྟར་ཏུན་གཉིས་ནས་གསུམ་བར་གྱི་75%ཡི་ཨ་རག་ཉིང་ཁུའི་དུག་སེལ་སྨན་ཆུ་དང་། 84དུག་སེལ་སྨན་ཆུ། ལག་འཁྲུད་དུག་སེལ་སྨན་ཆུ་སོགས་དུག་སེལ་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། ཉིན་ལྟར་ལས་ཀ་ཆུ་ཚོད་16ནས་18བར་བྱེད་ཀྱི་ཡོད། ལས་མི་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། སྟག་རྩེ་བཟོ་ལས་གླིང་གི་ཏང་ཡོན་དང་ལས་བྱེད་པ་བཟོ་གྲྭར་ཡོང་ནས་འོས་འགན་ངལ་རྩོལ་བྱས་ཏེ་དུག་སེལ་སྨན་ཆུར་ཚོང་རྟགས་སྦྱོར་བ་དང་ཐུམ་སྒྲིལ་རྒྱག་རོགས་བྱེད་ཀྱི་ཡོད།
     སྟག་རྩེ་ཆུས་ཨུད་ཧྲུའུ་ཅི་ཀྲང་ཀན་གྱིས་ཏང་ཨུད་དང་སྲིད་གཞུང་གིས་ཀུང་སི་དང་མཐུན་སྦྱོར་བྱས་ནས་ཀན་སུའུ་ནས་ཨ་རག་ཉིང་ཁུ་སོགས་མ་བཅོས་རྒྱུ་ཆ་སྐྱེལ་འདྲེན་བྱས་པ་དང་། དངུལ་ཁང་དང་མཐུན་སྦྱོར་བྱས་ནས་མྱུར་ཚད་མགྱོགས་ཤོས་ཀྱིས་དངུལ་བུན་སྒོར་ཁྲི་500གཡར་ཡོད། གཞན་ཡང་། གླིང་ཁུལ་གྱིས་ལས་འགོ་བསྐྱར་འཛུགས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལྟར་ཕྱོགས་གཅིག་ནས་ཐོན་སྐྱེད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱས་ཏེ། ཁེ་ལས་ལ་ཁ་རས་དང་ལག་ཤུབས་སོགས་འགོག་སྲུང་དངོས་རྫས་སྤྲད་པ་དང་བཟོ་གྲྭར་དུག་སེལ་ནན་པོ་བྱས་པ་མ་ཟད། ད་དུང་མེ་ཟོན་མི་སྣ་གཉིས་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད་པ་རེད།
     “ད་ལྟ་མི་ཚང་མ་ངལ་གསོ་ཡག་པོ་མ་བྱུང་བས་མིག་གི་མཐའ་འཁོར་ནག་པོ་ཆགས་ཡོད”འོན་ཀྱང་། ཀྲུང་ཁོ་དང་ལས་མི་ཚོའི་ངོས་ན་བརྗོད་ན། དཀའ་ལས་བརྒྱབ་པ་ཚང་མ་བྱེད་རིན་ཡོད་པ་ཞིག་རེད། “རིམས་འགོག་དམག་འཐབ་ད་དུང་མཇུག་འགྲིལ་མེད་པས། ཁེ་ལས་ཀྱིས་འཁུར་དགོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་རིམས་ནད་འགོག་རྒོལ་ཆེད་ལེགས་སྐྱེས་འབུལ་རྒྱུ་རེད”
འདི་ནི་ལས་འགོ་ཚུགས་རྗེས་བོད་ལྗོངས་ལྷ་སའི་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་ནང་བཟོ་པས་དུག་སེལ་སྨན་ཆུར་ཚོང་རྟགས་སྦྱོར་བཞིན་པ།
འདི་ནི་ལས་འགོ་ཚུགས་རྗེས་བོད་ལྗོངས་ལྷ་སའི་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་ནང་བཟོ་པས་དུག་སེལ་སྨན་ཆུར་ཚོང་རྟགས་སྦྱོར་བཞིན་པ།