འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རྒྱ་ཟིན་ཐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རྒྱ་ཟིན་ཐོར་བཀོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟག་སེང་གྲོང་ཚོའི་ས་ཁོངས་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རྒྱ་ཟིན་ཐོར་བཀོད་ཐུབ་ཡོད་པ་དང་། འདི་ནི་མིག་སྔར་འབྲི་སྟོད་རྫོང་ནས་རྒྱ་རྒྱུ་བའི་གནས་ཚུལ་བཀོད་པ་ཐེངས་དང་པོ་ཡིན་པས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མཚོན་ཡོད། 
     རྒྱ་ནི་ཨེ་ཤ་ཡའི་ཤར་ལྷོ་རྒྱུད་ཀྱི་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་ས་ཁུལ་གྱི་དཔེ་མཚོན་སྲོག་ཆགས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1000ནས་4400བར་གྱི་ཕྲ་ལེབ་འདྲེས་མའི་ནགས་ཚལ་དང་། ཁབ་ལོའི་ནགས་ཚལ། ཡང་ན་བྲག་རྡོ་མང་བའི་སྡོང་ཕྲན་ནགས་ཚལ་བཅས་སུ་འཚོ་གནས་བྱེད་ཀྱི་ཡོད། ཀྲུང་གོར་མིག་སྔར་ཀན་སུའུ་དང་། མཚོ་སྔོན། ཀྲེ་ཅང་། ཨན་ཧུའེ། ཧུའུ་པེ། ཅང་ཤིས། སི་ཁྲོན། ཡུན་ནན། བོད་ལྗོངས། ཧྥུའུ་ཅན། ཀོང་ཏུང་། ཀོང་ཤིས། ཧྲའན་ཤིས་ལྷོ་རྒྱུད་སོགས་སུ་གཙོ་བོར་གནས་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཤིག་རེད། 
     འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་རྒྱ་དེ་འབྲི་སྟོད་རྫོང་ས་ཁོངས་སུ་ཇི་ལྟར་ཐོན་མིན་གསལ་པོ་ཤེས་ཀྱི་མེད། འབྲི་སྟོད་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་གནས་ཚུལ་དེ་གོམ་གང་མདུན་སྤོས་ངང་རྒྱུས་ལོན་བྱེད་བཞིན་ཡོད། རྒྱ་ཐོན་པ་དེས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད། འདི་ནས་ཚང་མས་ད་ལྟ་ནས་བཟུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།