འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎ཕྱི་འབྲེལ་པུས། རིམས་ནད་ཀྱི་མདུན་དུ་ཚན་རིག་དང་། རང་གཅུན་ཐུབ་པའི་ནུས་པ། མཉམ་ལས་བཅས་ལྡན་དགོས་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་དུས་ནུབ་ཕྱོགས་ཀྱི་མི་འགའ་ཞིག་དང་སྨྱན་སྦྱོར་གྱིས་ཏོག་གསར་ནད་དུག་དེ་ཀྲུང་གོའི“སྐྱེ་དངོས་དམག་འཐབ་འཆར་གཞི”ནས་ཐོན་པའི་ཚོད་དཔག་བྱས་པ་དང་། ཚོད་ལྟ་ཁང་ཞིག་ནས་ཕྱིར་གྱར་བའི“སྐྱེ་དངོས་རྫས་འགྱུར་མཚོན་ཆའི”དོན་རྐྱེན་ཞིག་རེད་ཅེས་ཟེར་བར་དམིགས་ནས། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་མི་འགའ་ཞིག་དང་སྨྱན་སྦྱོར་གྱིས་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེ་དགོས་པའི་གཏམ་བརྗོད་དེ་རིགས་སྤེལ་བ་ནི་མ་རུང་ཁོག་བཅུག་བྱས་པ་ཞིག་མིན་ན་ཁུངས་ལུང་མེད་པ་ཞིག་རེད་ཅེས་བཤད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ཏོག་གསར་ནད་དུག་འགོག་རྒོལ་བྱེད་པ་དང་དུས་མཚུངས་མུ་མཐུད་མཉམ་དུ་ལྐོག་གཡོ་སྨྲ་བར་ངོ་རྒོལ་དང་བཀག་འགོག་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་མིག་སྔར་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་བཞིན་ཡོད་པ་དེ་ནི་རང་ཉིད་ལ་འགན་འཁུར་བ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་ཆེད་འགན་འཁུར་བ་ཞིག་ཀྱང་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགན་འཁུར་བས་ཉེ་ཆར་ཏོག་གསར་ནད་དུག་དེ་ཚོད་ལྟ་ཁང་ནས་ཐོན་པའམ་ཡང་ན་སྐྱེ་དངོས་མཚོན་ཆ་བཟོ་སྐྲུན་བྱས་པ་ལས་བྱུང་བའི་དཔང་རྟགས་གང་ཡང་མེད་ཅེས་ཐེངས་མང་བཤད་ཡོད། མི་རྣམས་ཀྱིས་ནད་དུག་དང་འཐབ་རྩོད་བྱ་དགོས་པ་མ་ཟད། ལྐོག་གཡོ་སྨྲ་བ་དང་ཡང་འཐབ་རྩོད་བྱ་དགོས། འཛམ་གླིང་ཐོག་གི་གསོ་རིག་རིགས་གཅིག་མཁས་ཅན་གྲགས་ཅན་མང་པོ་ཞིག་གིས་ཀྱང“ཚོད་ལྟ་ཁང་ནས་ཕྱིར་གྱར་བ”དང“སྐྱེ་དངོས་རྫས་འགྱུར་མཚོན་ཆ་གསར་སྤེལ”སོགས་ཀྱི་བཤད་ཚུལ་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་སྤུ་ཙམ་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།
     ཀེང་ཧྲོང་གིས་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་གསོ་རིག་དུས་དེབ《ལིའུ་ཡེ་ཏའོ》ཞེས་པའི་ཐོག་ཚེས་18ཉིན་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཚན་རིག་མཁས་ཅན་རྩེ་གྲ་27གྱིས་མིང་རྟགས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་ཤིག་བཀོད་ཡོད་པ་དེའི་ནང་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་བཞིན་པའི་ཀྲུང་གོའི་ཚན་ཞིབ་དང་། འཕྲོད་བསྟེན། སྨན་དོན་བཅས་ཀྱི་ལས་དོན་པར་རྒྱབ་སྐྱོར་བྱས་པ་དང་དྲ་རྒྱའི་ཐོག་ཏོག་གསར་ནད་དུག་སྐོར་གྱི་ལྐོག་གཡོ་སྨྲ་བར་རྒོལ་གཏམ་དྲག་པོ་བཏང་ཡོད་པ་རེད། གསལ་བསྒྲགས་ནང་རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་ཏོག་གསར་ནད་དུག་གི་གཞི་རྒྱུ་ཚོ་ཆུང་ལ་དབྱེ་ཞིབ་བྱས་པའི་འབྲས་བུས་ཟིལ་གནོན་རང་བཞིན་གྱི་ཐོག་ནས་ཏོག་གསར་ནད་དུག་དང་གསར་དུ་ཐོན་པའི་ནད་ཁུངས་གཞན་དག་འདྲ་བར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལས་བྱུང་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ལྐོག་གཡོ་སྨྲ་བས་འཇིགས་སྣང་དང་། དཀྲོག་གཏམ། ཕྱོགས་ཞེན།  འཛམ་གླིང་ཡོངས་ཀྱིས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་བརྩོན་ལ་གནོད་འཚེ་བཟོ་བ་ལས་ཕན་ཐོགས་ཅི་ཡང་མེད་ཅེས་བཀོད་པ་དང་ཚན་རིག་མཁས་ཅན་རྣམས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་བསམ་འཆར་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས“ངས་ནན་བཤད་བྱེད་དགོས་པ་ཞིག་ནི། རིམས་ནད་ཀྱི་མདུན་དུ་ང་ཚོར་དགོས་པ་ནི་ཚན་རིག་དང་། རང་གཅུན་ཐུབ་པའི་ནུས་པ། མཉམ་ལས་བཅས་ཡིན་པ་དང་། ཚན་རིག་ལ་བརྟེན་ནས་བླུན་རྨོངས་ལས་རྣམ་པར་རྒྱལ་བ་དང་། གནས་ཚུལ་ངོ་མར་བརྟེན་ནས་དཀྲོག་གཏམ་ཐལ་བའི་རྡུལ་དུ་རློག་པ། མཉམ་ལས་ལ་བརྟེན་ནས་ཕྱོགས་ཞེན་གྱི་ལྟ་ཚུལ་བཀག་འགོག་བྱེད་པ་བཅས་ཡིན”ཞེས་བཤད་པ་རེད།