འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎མོ་ཁེར་གྱིས་ཧ་ནའོ་གྲོང་ཁྱེར་གྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བཏང་སྟེ། 
རིགས་རྒྱུད་རིང་ལུགས་ནི“དུག་རྫས”ཡིན་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཚེས་19ཉིན་རྒྱལ་ཁབ་དེའི་ནུབ་རྒྱུད་གྲོང་ཁྱེར་ཧ་ནའོ་རུ་ཐོན་པའི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་བཏང་སྟེ། རིགས་རྒྱུད་རིང་ལུགས་དང་འཁོན་འཛིན་ནི་སྤྱི་ཚོགས་ཀྱི“དུག་རྫས”རེད་ཅེས་བརྗོད་པ་རེད། 
     མོ་ཁེར་གྱིས་འཇར་མན་གྱི་མི་ཚང་མར་ལ་རྒྱ་ལྡན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཧ་ནའོ་ཡི་འཇབ་རྒོལ་བས་རིགས་རྒྱུད་ཐོག་ནས་འཇར་མན་ཁ་ཕྲལ་གཏོང་རྩིས་བྱེད་ཀྱི་ཡོད། འཇར་མན་གྱིས་ཆོད་སེམས་ཆེ་ཤོས་ཀྱི་ཐོག་ནས་འཇིགས་སྐུལ་དེར་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད་པ་རེད། 
     མོ་ཁེར་གྱིས་རིགས་རྒྱུད་རིང་ལུགས་ཀྱི་བསམ་བློས་ཉེས་པ་མང་པོ་བསགས་ཡོད། ཁོང་མོས་2019ལོར་འཇར་མན་ཧེ་སེན་ཀྲོའུ་ཁ་སེར་སྲིད་འཛིན་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་ཝར་ཐེ་ལུའེ་པུའུ་ཁེ་མེ་མདའ་ཕོག་ནས་བཀྲོངས་བ་དང་འཇར་མན་ཤར་རྒྱུད་གྲོང་ཁྱེར་ཧ་ལེ་ཡི་ཡིའུ་ཐའེ་ཆོས་ཁང་གི་ཕྱི་རོལ་དུ་འཇིགས་སྐུལ་འཇབ་རྒོལ་ཕོག་པ་སོགས་གྱོད་གཞི་མང་པོ་ཐོན་པ་ཚང་མ་ནི་རིགས་རྒྱུད་རིང་ལུགས་ཀྱི་བསམ་བློའི་རྐྱེན་རེད་ཅེས་དཔེ་དྲངས་ནས་བརྗོད། 
     ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་དགོང་མོ་མེ་མདའ་རྒྱག་མཁན་ཞིག་གིས་ཧ་ནའོ་ཡི་ཆུའི་ཐ་མག་ཁང་གཉིས་སུ་འཇབ་རྒོལ་བྱས་པས་མི་9རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཚེས་20ཉིན་དམངས་ཀྱི་སྡོད་ཁང་ཞིག་ནས་མེ་མདའ་རྒྱག་མཁན་དེའི་བེམ་པོ་རྙེད། 
     ཉེན་རྟོག་ཕྱོགས་ཀྱི་ཐོག་མའི་བརྟག་དཔྱད་ལ་གཞིགས་ན། མེ་མདའ་རྒྱག་མཁན་ནི་ལོ་43ལ་སླེབས་པའི་འཇར་མན་བ་ཞིག་ཡིན་པ་དང་། རིགས་རྒྱུད་རིང་ལུགས་ཀྱི་ཕྱོགས་ལྷུང་ཡོད། འཇར་མན་གྱི་ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་དེ་འཇིགས་སྐུལ་གྱི་འཇབ་རྒོལ་ཡིན་པར་ངོ་བོ་གཏན་འཁེལ་བྱས་པ་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་བརྟག་དཔྱད་ནང་ཞུགས་པ་རེད།