འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ནོར་སྲིད་པུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་སྔོན་ལ་འགན་ལེན་དང་གཤམ་སྤྲོད་བྱེད་པ་དང་
མང་ཚོགས་ཀྱི་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་ཞེས་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་དང་ནོར་སྲིད་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར། དཔལ་འབྱོར་འཁོར་སྐྱོད་འགན་ལེན་བཅས་བྱ་ཆེད། ནོར་སྲིད་པུས་གོང་ཚེས་ཉིན་བརྡ་ཐོ་བཏང་ནས། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་ལ་རྗེས་སྙེག་དམ་ཟབ། གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་གོང་ཞུ་བཅས་བྱས་ནས་ནད་པ་དང་འབྲེལ་ཡོད་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་སྨན་དོན་མི་སྣ་དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁེ་ལས་བཅས་ཀྱིས་ནོར་ཁྲལ་རྒྱབ་སྐྱོར་སྲིད་ཇུས་གང་ལེགས་ལོངས་སུ་སྤྱོད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     བརྡ་ཐོའི་ནང་ནོར་སྲིད་པུས་ས་གནས་ཁག་གི་ལྟ་འདོམས་ཅུས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་གཤམ་སྤྲོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་གྱི་རྩིས་ཁྲ་བཟོ་དགོས་པ་དང་། ས་གནས་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་བཀོད་གཏོང་དང་སྔ་རྟིང་གཏོང་བའི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པར་ལྟ་སྐུལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་སྔོན་ལ་འགན་ལེན་དང་གཤམ་སྤྲོད་བྱས་ཏེ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དེ་བཞིན“འགན་ལེན་གསུམ”གྱི་གཏོང་སྒོའི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས་པ། མ་དངུལ་བེད་སྤྱོད་བྱེད་རིང་ལྷག་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་གོང་ཞུ་དང་སྦྲགས་ལེགས་བཅོས་ཀྱི་གྲོས་འགོ་འདོན་དགོས་པ། ས་གནས་ནོར་སྲིད་སྡེ་ཚན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་དེ་སྔོན་རྩིས་དོ་སྙོམས་ཐོག་སྤྱོད་པ་དང་དེ་བཞིན་མ་དངུལ་བགོ་བཤའ་དང་མ་དངུལ་ཁ་གསབ་ལུགས་དང་མི་མཐུན་པ་སོགས་ཀྱི་གནད་དོན་ཤེས་ཚེ་དུས་ཐོག་ཏུ་བཏོན་པ་དང་འབྲེལ་ཡོ་བསྲང་བྱེད་པར་ལྟ་སྐུལ་བྱེད་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་རང་དགར་བཀག་ཉར་དང་། ཧམ་བཟུང་། སྒེར་སྤྱོད་བཅས་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་མེད་པའི་དངོས་ཟོག་ཉོ་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ས་གནས་ཀྱིས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པར་ལྟ་སྐུལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
     བརྡ་ཐོའི་ནང་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་གླེང་ཕྱོགས་དང་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཡོད་ནོར་སྲིད་སྲིད་ཇུས་དང་མ་དངུལ་བགོ་བཤའ་སོགས་ཀྱི་ཆ་འཕྲིན་སྤྱི་ཚོགས་ལ་དུས་ཐོག་ཏུ་ཡོངས་བསྒྲགས་དང་དྲ་རྒྱ་དང་ཁ་པར་སོགས་བྱེད་ཐབས་སྣ་ཚོགས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་ལ་གནད་དོན་ཤེས་རིགས་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།