འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎མཐའ་མཚམས་འགག་སྒོར་དཔྱིད་དཔལ་བཞད་ལ་ཉེ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     དཔྱིད་ཀ་ཤར་རྗེས་སྔོན་བརྡ་བཞིན་ཁ་བ་ཆེན་པོ་མ་བབས་པས་བསྐྱར་དུ་རི་རྒྱ་ཁ་བས་བསྡམས་མི་སྲིད་པ་འདྲ། ཧི་མ་ལ་ཡའི་ལྷོ་འདབས་ཀྱི་མྱུ་གུ་འབུས་བཞིན་པའི་རྩི་ཤིང་དག་ལ་རྒྱང་ལྟ་བྱེད་སྐབས། ཀྲའོ་ཅིང་ལའང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན།
     ལོ་25ལ་སླེབས་མ་ཐག་པའི་ཧོ་ནན་གྱི་བུད་མེད་དེ་ནི་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་གཉའ་ནང་འགག་སྒོའི་ལས་མི་ཞིག་ཡིན་ཞིང་། མིག་སྔར་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་འགྲམ་འགག་སྒོར་ལས་དོན་སྒྲུབ་བཞིན་ཡོད། འདི་ག་ནི་ཡར་སྔོན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བོད་ཀྱི་སྐམ་སའི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་ཡིན་རུང་། 2015ལོར་ནེ་པ་ལའི་8.1རིམ་པའི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་སྟབས། སྐབས་ཤིག་རིང་འགག་སྒོ་སྒོ་བརྒྱབ་སྟེ། འགྲམ་གྲོང་རྡལ་གྱི་གྲོང་མི་ཚང་མ་ཕྱིར་སྤོས་ཡོད། འགག་སྒོའི་ཟོག་འདྲེན་ན་ནིང་གི་ཟླ་5ཚེས་29ཉིན་སླར་གསོ་བྱས་ཀྱང་འགག་སྒོ་ལས་ཁུངས་དང་། སྤྱི་བདེ། མཐའ་མཚམས་ཞིབ་བཤེར་སོགས་སྡེ་ཚན་མ་གཏོགས་གྲོང་མི་ད་དུང་སྤོས་མེད།
     ལུང་སྟོང་ནི་ཀྲའོ་ཅིང་ཐོག་མར་འགྲམ་འགག་སྒོར་སླེབས་སྐབས་ཀྱི་དྲན་འཆར་རེད། ཁྲོམ་གཞུང་དུ་མཐོང་དཀོན་པ་ནི་མི་དང་། ཡོད་པ་ནི་གང་སར་ཕར་མཆོང་ཚུར་མཆོང་བྱེད་པའི་སྤྲེའུ་རེད་འདུག མི་མེད་པའི་ཁང་པའི་ནང་ཞིབ་ཕྲ་ལྟ་སྐབས་ས་ཡོམ་གནོད་འཚེའི་དབང་གིས་བཟོས་པའི་སྡོམ་དྲ་ལྟར་གྱི་སེར་ག་མང་པོ་དག་རེད།
     གཞུང་དོན་ཁང་གི་ཆ་རྐྱེན་ཧ་ཅང་སྐྱོ་ལ། ས་ཡོམ་རྒྱག་སྐབས་མཛའ་མཐུན་ཟམ་པའི་མཉམ་འབྲེལ་ཞིབ་བཤེར་གྱི་ཐོག་བརྩེགས་ཁང་ཆེན་ཕྱེད་ཀ་ཙམ་གཏོར་བཤིག་སོང་བས། ད་ཆ་ཀྲའོ་ཅིང་དང་ལས་རོགས་རྣམས་གནས་སྐབས་བསྐྲུན་པའི་སྟབས་བདེའི་ཁང་པའི་ནང་སྡོད་ཀྱི་ཡོད། དེ་གར་དགུན་ཁ་གྲང་ལ་དབྱར་ཁ་ཧ་ཅང་ཚ་སྡུག་ཆེ་བ་མ་ཟད། ད་དུང་ཆར་ཆུ་འབབ་དུས་ཐིགས་པ་འཛག་པ་རེད།
     འགྲམ་ནས་གཉའ་ནང་རྫོང་གྲོང་དུ་སྐྱོད་སའི་ལམ་བུར་རྒྱུན་དུ་ཁ་བ་ཆེན་པོ་བབས་པའི་དབང་གིས་འགག་གི་ཡོད། ན་ནིང་གི་ཟླ་བཅུ་གཉིས་པར་འགྲམ་འགག་སྒོར་རེས་མོས་བཅའ་སྡོད་མ་བྱས་གོང་ལས་ཀར་སླེབས་ནས་ལོ་གཉིས་ཙམ་ཡང་མ་ཕྱིན་པའི་བུ་མོ་དེའི་སེམས་སུ་ལམ་བར་དུ་གངས་གསོག་མཐུག་ཚད་སྨི་གཅིག་ལྷག་ཙམ་ཐེབས་སྲིད་པ་བསམ་པའི་ཡུལ་ལའང་འཆར་མྱོང་མེད། ཁོང་ཡང་ལམ་འགག་པའི་དབང་གིས་འགག་སྒོར་ལུས་པ་རེད།
     “ཁ་བས་རི་རྒྱ་ཐོག་མར་བསྡམས་སྐབས་ཉིན་གསུམ་བཞི་འགོར་བ་དང་། དེ་དུས་ལམ་བུ་ཉིན་བཅུ་ཙམ་འགག་པས་བཟའ་རྒྱུ་ཚང་མ་རྫོགས་པ་མ་ཟད། ཁ་པར་གྱི་བརྡ་རྟགས་ཀྱང་ཆད་སོང”སྐབས་དེ་དུས་རི་གྲོང་དུ་ལུས་པའི་གྲོང་ཁྱེར་གྱི་བུ་མོ་དེར་རང་ཉིད་ཁེར་ཆགས་གླིང་ཕྲན་དུ་ཡོད་པའི་སྣང་བ་ཞིག་འཆར།
     འོན་ཏེ་མཛའ་མཐུན་ཟམ་པའི་འགྲམ་གྱི་རྡོ་རིང་སྟེང་འཁོད་པའི“ཀྲུང་གོ”ཞེས་པའི་ཡིག་འབྲུ་དེ་གཉིས་མཐོང་སྐབས། ཀྲའོ་ཅིང་དང་ལས་རོགས་ཚོས་རང་ཉིད་ཀྱི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ལྕི་མོ་ཡོད་པ་སེམས་ལ་ཡང་ཡང་འཆར། དེའི་ཐད་ལོ་33ལ་སླེབས་པའི་བོད་རིགས་ཀྱི་རམ་འདེགས་དོ་དམ་པ་ངག་དབང་ཚེ་རིང་ལ་མྱོང་ཚོར་དེ་བས་ཟབ་མོ་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་གཏན་འཁེལ་བྱུང་རྗེས་རིམས་ནད་རྒྱལ་མཚམས་ལས་བརྒལ་ནས་མ་མཆེད་སྔོན་འགོག་བྱེད་རྒྱུ་ནི་འགག་སྒོའི་ལས་དོན་པས་སྒྲུབ་དགོས་ངེས་ཀྱི་འགན་འཁྲིར་གྱུར། འགྲམ་འགག་སྒོས་ཉེ་ཆར་བརྟག་བཤེར་དང་རིམས་ནད་བརྟག་ཞིབ་བྱེད་རིང་། ངག་དབང་ཚེ་རིང་གིས་འགོག་སྲུང་གྱོན་ཆས་གྱོན་ནས་རྒྱལ་ཁོངས་སུ་འཛུལ་མཁན་གྱི་ཟོག་འདྲེན་རླངས་འཁོར་དུ་བཀག་སྡོམ་དངོས་རྫས་བླུགས་ཡོད་མེད་ལ་ཞིབ་བཤེར་བྱེད་སྐབས་སྦུག་སུབ་དོག་པོ་བྱུང་ནས་རྔུལ་ཆུ་མང་པོ་ཐོན་ཡོད། འོན་ཀྱང་ཁོང་གིས་ཟོག་འདྲེན་རླངས་འཁོར་གྱི་ཁུག་ཀྱོག་ཚང་མར་ཞིབ་བཤེར་ནན་པོ་བྱས་པས། མཐར་འཁོར་སྒྲོམ་གྱི་ཟུར་ཞིག་ནས་བཀག་སྡོམ་བྱས་པའི་ཀུ་ཤུ་སྒམ་གཅིག་རྙེད། ཁོང་གིས“རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇཌ་དང་འབྲེལ་བ་ཡོད་ཚེ་ཀུ་ཤུ་གཅིག་ཡིན་ཡང་འགྲིག་གི་མ་རེད”ཅེས་བཤད།
     ངག་དབང་ཚེ་རིང་ནི་འགྲམ་འགག་སྒོའི་རྒན་རབས་པ་ཞིག་ཡིན། 1999ལོར་ཁོང་འགྲམ་དུ་སླེབས་རྗེས་ད་ལྟའི་བཟའ་ཟླ་དང་འཕྲད་ལ། ཕྲུ་གུའང་གཅིག་བྱུང་ཡོད། ས་ཆ་དེ་ནས་ཁོང་གིས་རྒྱ་སྐད་དང་ནེ་པ་ལའི་སྐད་གཉིས་ཤེས་པ་མ་ཟད། 2009ལོར་འགག་སྒོའི་རམ་འདེགས་དོ་དམ་པར་གྱུར།
     “འགྲམ་ལ་སླེབས་མེད་ན། ང་ད་ལྟ་ཕ་ཡུལ་དུ་ཞིང་བཏབ་ནས་བསྡད་ཡོད་སྲིད། འགྲམ་ནི་ངའི་ཕ་ཡུལ་གཉིས་པ་ཡིན”ཞེས་ངག་དབང་ཚེ་རིང་གིས་བཤད།
     ཀྲའོ་ཅིང་གིས“ལས་ཀ་དེ་ནི་དཀའ་ཚེགས་ཆེ་ལ་བླ་ན་མེད་པ་ཞིག་ཡིན། ཕྱིས་འབྱུང་ཁ་བ་བུ་ཡུག་འཚུབ་མིན་མི་ཤེས་ཀྱང་། རི་གྲོང་གི་འཚོ་བ་སྐྱེལ་སྟངས་རྦད་དེ་གོམས་སོང”ཞེས་བཤད། འགག་སྒོའི་ལས་ཀ་བྱེད་མཁན་རྒན་རབས་པ་ཚོས་ཡར་སྔོན་ཁོང་ལ“ས་ཡོམ་མ་བརྒྱབ་གོང་དུའང་ཁ་བས་རྒྱུན་དུ་རི་རྒྱ་བསྡམས་ཀྱི་ཡོད། དེ་དུས་མི་སེར་རྣམས་སྔོན་ལ་ལོག་ཆོག་ཀྱང་ང་ཚོ་ལོག་ཆོག་གི་མེད”ཅེས་བཤད་མྱོང་བ་རེད།
     ད་ཆ་འགྲམ་གྲོང་རྡལ་གྱི་འགྱུར་ལྡོག་ལས་བརྟན་སྲུང་བྱེད་མཁན་ཚོར་རེ་བ་མང་པོ་སྦྱིན་བྱུང་།
     གྲོང་རྡལ་ནང་གི་སྣུམ་ནག་ལམ་ཁོད་སྙོམས་པ་མ་ཟད། འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་མཁན་ལྗིད་ཐེག་རླངས་འཁོར་དུས་ངེས་མེད་དུ་འགྲོ་འོང་བྱེད་བཞིན་ཡོད། ཚོང་ཁང་ཆུང་གྲས་ཀྱང་ལས་གཉེར་བྱེད་འགོ་བཙུགས་ཏེ་གྲོང་རྡལ་གྱི་ལས་དོན་མི་སྣར་སྔོ་ཚལ་དང་ཤིང་འབྲས་མཁོ་འདོན་བྱེད་ཀྱི་ཡོད། བསྡོམས་རྩིས་ལ་གཞིགས་ན། ན་ནིང་ཟོག་འདྲེན་ལམ་བུ་སླར་གསོ་བྱས་ནས་2019ལོའི་ལོ་མཇུག་བར་གྱི་ལོ་ཕྱེད་ནང་འགྲམ་གྲོང་རྡལ་དུ་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3.39དང་ཉོ་ཚོང་སྤྱི་འབོར་ཏུན་དུང་ཕྱུར་3.08ཟིན་པ་དང་ཆབས་ཅིག་ཟླ་རེར་འཕར་ཚད་མངོན་གསལ་དོད་པོ་བྱུང་ཡོད། འགག་སྒྲོལ་དུས་ཚོད་ཐུང་དུ་དང་གནམ་གཤིས་དྲོ་རུ་ཕྱིན་རྗེས་ལམ་ལེགས་སུ་ངེས་པར་བརྟེན་ངག་དབང་ཚེ་རིང་གིས་འགྲམ་དར་རྒྱས་གོང་འཕེལ་ཡོང་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།