འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎མཚོ་སྔོན་གྱིས་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སྐར་མ་15ཡི་ནང་དངུལ་གཡོར་མཁན་ལ་དྲ་ཐོག་ནས“མྱུར་ཐལ་དངུལ་བུན”སྒོར་ཁྲི་10གཡར་བ་རེད། མྱུར་ཚད་དེ་ནི་བསམ་ཡུལ་ལས་འདས་ན་ཡང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་དངོས་འབྲེལ་སྒྲུབ་ཐུབ་པ་རེད། དངུལ་གཡོར་མཁན་ཞིག་ལ་རིམས་ནད་ཀྱིས་རྐྱེན་པས་མ་དངུལ་འཁོར་སྐྱོད་ཐད་དཀའ་ངལ་འཕྲད་སྟབས་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྐར་མ་15ཡི་ནང་མི་དེར་དྲ་ཐོག་ནས“མྱུར་ཐལ་དངུལ་བུན”སྒོར་ཁྲི་10གཡར་ཏེ་རིམས་ནད་ཐོན་རིང་གི་དངུལ་རྩའི་དགོས་མཁོ་འགན་ལེན་བྱས་པ་རེད།
     རིམས་ནད་ཐོན་ཚུན། མཚོ་སྔོན་ཞིང་ཆེན་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་ལས་སྒོར་མགྱོགས་མྱུར་མཆན་འགོད་ཀྱི་བགྲོད་ལམ་བཏོད་པ། ལས་སྒོའི་བརྒྱུད་རིམ་སྟབས་བདེ་དང་ལས་ཕྱོད་མཐོ་རུ་བཏང་སྟེ་སྲིད་གཞུང་སྡེ་ཚན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཁེ་ལས་དང་བྱ་གཞག་ཚན་པར་འཕྲལ་སྡོམ་ཞབས་འདེཌ་ཞུས་ནས། མ་དངུལ་མགྱོགས་མྱུར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབྱོར་བར་བྱས་པ་དང་། ལྷག་དོན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་རིགས་ཀྱི་མཁོ་མཁན་ལ་དམིགས་ནས་དངུལ་ཁང་སྒྲིག་གཞི་ཁག་གིས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་འཕྲོད་བསྟེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྨན་བཅོས་ཐད་སྤྱོད་པའི་སྨན་རྫས་ཐོན་སྐྱེད་དང་ཉོ་སྒྲུབ། སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་ཞིབ་ཀྱི་འགག་སྒྲོལ། ལག་རྩལ་སྒྱུར་བཀོད་ལ་སོགས་པའི་ལུགས་མཐུན་གྱི་མ་རྩ་བསྡུ་སྒྲིལ་གྱི་དགོས་མཁོ་ཧུར་ཐག་བསྐངས་པ་རེད།
     ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡནལག་དངུལ་ཁང་གིས་རིམ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་3.09བཏང་བ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྒྱལ་སྨན་མ་རྐང་ཚོད་འཛིན་མཚོ་སྔོན་ཚད་ཡོད་ཀུང་སིར་དངུལ་བུན་སྒོར་ཁྲི་3000དང་རྒྱལ་སྨན་ཡོ་བྱད་མཚོ་སྔོན་ཚད་ཡོད་ཀུང་སིར་དངུལ་བུན་སྒོར་ཁྲི་1000བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིས་དེ་བས་དྲོ་སྐྱིད་ལྡན་པའི་ཞབས་ཞུར་བརྟེན་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་དང“དུས་ཐོག་ཆར་པ”མཁོ་འདོན་བྱས་ཡོད། ཞི་བདེ་རྒྱ་མཚོ་ཆེ་མོ་རྒྱུ་ནོར་འགན་བཅོལ་མཚོ་སྔོན་ཡན་ལག་ཀུང་སིས་ད་དུང་མཚོ་སྔོན་གྱི་སྨན་དོན་མི་སྣ་དང་ཁོང་ཚོའི་ནང་མི་ཁྲི་4.2ལ་ཁྱོན་སྒོར་དུང་ཕྱུར་256.2རི་བའི་ཆེད་མངགས་ཀྱི་འགན་ལེན་འགན་བཅོལ་མཁོ་འདོན་བྱས་ཏེ་སྨན་དོན་མི་སྣའི་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བཟོས་པ་རེད།
     དུས་མཚུངས་སུ་མཚོ་སྔོན་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་དང་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་དང་དངུལ་བུན་གཡོར་མཁན་ལ་དངུལ་བུན་ཆད་པ་དང་། དངུལ་བུན་མི་གཏོང་བ་སོགས་གཏན་ནས་མི་བྱེད་པར། དངུལ་བུན་གྱི་སྐྱེད་ཀ་འོས་འཚམ་གྱིས་གཅོག་པ་དང་། འགྲོ་ལུགས་གཉེར་བའི་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ། དངུལ་བུན་ནར་འགྱངས་བྱེད་པ། དངུལ་བུན་རྒྱུན་མཐུད་ངང་གཡོར་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཡིད་རྟོན་དངུལ་བུན་དང་དུས་ཚོད་རིང་འབྲིང་གི་དངུལ་བུན་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ལ་དངུལ་རྩའི་འགན་ལེན་ཡག་པོ་བྱས་པ་རེད།