འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎མཚོ་སྔོན་གྱིས་འབྱུང་རྩ་ནས་དམ་འཛིན་གྱིས་དཔྱིད་འདེབས་ཐོན་སྐྱེད་འགན་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     རྨོ་འདེབས་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་པ་དང་བསྟུན་ནས་འདབ་རྫབ་ལང་ལོང་དུ་འཕྱོ་ཞིང་ས་རྒྱུ་གཤིན་པོའི་རྡུལ་གང་སར་ཁྱབ། མཚོ་སྔོན་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིང་གྲོང་རྡལ་ཧོ་ཡན་གྲོང་ཚོའི་ཞིང་ཁར་བྲེལ་འཚུབ་ཆེ་བའི་ཞིང་པས་དུས་ཚོད་དམ་འཛིན་གྱིས་ས་བོན་འདེབས་བཞིན་མཆིས།
     མིག་སྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས་ལུད་ཉོ་སོན་གྲབས་དང་ཞིང་ལས་གཉིས་ཀར་འཐུས་ཤོར་གཏོང་མི་རུང་། གྲོང་མི་ཀུའོ་ཅིན་པའོ་ཡོན་གྱི་ཞིང་ནང་དུ་སྐྱོད་སྐབས་ནང་མི་ཚོས་བྲེལ་འཚུབ་ངང་ལུད་རྒྱག་པ་དང་། ས་བོན་འདེབས་པ། ས་ཞིང་སྙོམས་པ་བཅས་བྱེད་བཞིན་མཆིས། ཁོང་གིས་གསར་འགོད་པར“མ་གཞི་འདི་ལོའི་དཔྱིད་འདེབས་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཕོག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བྱུང་། འོན་ཀྱང་ཉིན་ཤས་གོང་གྲོང་ཚོ་ནས་ཁྱིམ་དུ་རྫས་ལུད་དང་ས་བོན་བསྐྱལ་ཡོང་བ་བསམ་ཡུལ་ལས་འདས་སོང”ཞེས་བརྗོད།
     ད་ལོར་ཧོ་ཡན་གྲོང་ཚོས“དུད་ཚང་དབྱེ་ནས་བསྡོམས་རྩིས་དང་། གྲོང་ཚོ་ཨུ་ལྷན་གྱིས་ཆེད་གཏོང་རླངས་འཁོར་བཏང་ནས་གཅིག་གྱུར་གཏོང་འདྲེན། དུད་ཚང་དབྱེ་ནས་སྤྲོད་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་ཚང་མར་རྫས་ལུད་དང་ས་བོན་བསྐྱལ་ནས་མི་སྣ་འགྲོ་འོང་ཉུང་དུ་དང་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་བཏང་བ་དང་ཆབས་ཅིག དཔྱིད་འདེབས་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་དོན་འགན་ལེན་ཡང་བྱས་ཡོད། ཧོ་ཡན་གྲོང་ཚོར་དཔྱིད་འདེབས་ལས་དོན་ལ་མཛུབ་ཁྲིད་བྱེད་བཞིན་པའི་ཀོན་ཐིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལུང་ཞུའེ་ལིན་གྱིས“དཔྱིད་འདེབས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་གཉིས་ཀར་འཐུས་ཤོར་གཏན་ནས་གཏོང་མི་རུང་། བདེ་འཇགས་དང་སྤུས་ལེགས་ཀྱི་ཞིང་སྤྱོད་དངོས་རྫས་འགན་ལེན་གྱིས་འབྱུང་རྩ་ནས་དཔྱིད་འདེབས་ཐོན་སྐྱེད་འགན་ལེན་བྱས་ཡོད་ལ། ཚང་མའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཕུགས་ཀྱི་སེམས་ཁྲལ་སེལ་རོགས་ཀྱང་བྱས་ཡོད”ཅེས་བརྗོད།
     མིག་སྔར། མཚོ་སྔོན་གྱི་དཔྱིད་འདེབས་ནུབ་ནས་ཤར་བར་གཅིག་རྗེས་གཉིས་མཐུད་ངང་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ས་བོན་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ལ་ལྟ་སྐུལ་དང་མཛུབ་ཁྲིད་ཧུར་ཐག་བྱས་ཏེ་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་དང་ས་བོན་མཁོ་འདོན་ལ་དམ་འཛིན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པའི་རྨང་གཞིའི་ཐོག ས་བོན་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ཀྱིས་སོན་བཟང་གྲོང་ཚོ་དང་དུད་ཚང་དུ་ཐད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར་ས་བོན་ཐོན་སྐྱེད་ཁེ་ལས་16གིས་ལས་འགོ་བསྐྱར་དུ་བཙུགས་ནས་ཀྱིས་ས་བོན་མཁོ་འདོན་དང་གཏོང་འདྲེན་གྱི་ལས་དོན་སྤེལ་བ་དང་། མཁོ་འདོན་ཐུབ་པའི་སོན་བཟང་གིས་བསྡོམས་འབོར་གྱི་70%ཟིན་པ་དང་། དེ་མིན་ཁེ་ལས་11གིས་དཔྱིད་འདེབས་སོན་མཁོའི་དགོས་མཁོ་བཞིན་དུས་ཐོག་ཏུ་ལས་འགོ་བསྐྱར་འཛུགས་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་སྟོན་ཁའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ས་བོན་དོ་དམ་སྡེ་ཚན་གྱིས་ཁྱིམ་གྱི་སྒོ་འགྲམ་དུ་ཞབས་ཞུ་སྒྲུབ་པ་དང་། དུས་ཚོད་རིང་དུ་གཏོང་བ། འགྲོ་ལུགས་སྟབས་བདེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སོན་བཟང་ཉོ་སྒྲུབ་དང་གསོག་འཇོག་གི་ལས་དོན་ཞིབ་ཚགས་ངང་བསྒྲུབས་ཡོད། དེ་དང་ཆབས་ཅིག་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སྐྱོབ་མ་དངུལ་ཁ་གསབ་བརྒྱུད་ས་བོན་གྱི་རིན་གོང་རྒྱུན་མཐུད་བརྟན་དུ་བཏང་ཡོད། གཞན་ཡང་ཞིང་འབྲོག་སྡེ་ཚན་གྱིས་བཟོ་ཚོང་དང་། སྤུས་ཚད་ལྟ་སྐུལ། མཁོ་ཚོང་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ་ས་བོན་དང་། རྫས་ལུད། ཞིང་སྨན་སོགས་ཞིང་ལས་རྒྱུ་ཆའི་ཐོན་རྫས་རྫུན་མ་ཚོང་མཁན་ལ་ཆེད་དོན་བཅོས་སྒྲིག་གི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་བློས་འགེལ་ཆོག་པའི་འགན་ལེན་དང་འབྱུང་རྩ་ནས་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད།