འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཆ་ག་པའི་གནོད་འཚེ་ཚབས་ཆེན་གྱིས་ཨ་ཧྥེ་རི་ཁའི་གླིང་ཟུར་གྱི་འབྲུ་རིགས་བདེ་འཇགས་ལ་འཇིགས་སྣང་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཨ་ཧྥེ་རི་ཁ་ཤར་མའི་གནོད་འཚེ་ཚབས་ཆེ་བ།
     ཉེ་བའི་ཟླ་ཤས་ནང་། ཨ་ཧྥེ་རི་ཁའི་གླིང་ཟུར་ལ་བྱེ་ཐང་གི་ཆ་ག་པའི་གནོད་འཚེ་ཕོག་པའི་ཁྲོད་ཨེ་ཙེ་ཨོ་ཕི་ཡ་དང་། ཅི་པོའུ་ཐི། སོ་མ་ལི་བཅས་ལ་ལོ་25ཡི་ཚུན་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད་ལ། ཁེན་ནི་ཡར་ལོ་ངོ་70ཚུན་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད། མིག་སྔར་ཨ་ཧྥེ་རི་ཁའི་གླིང་ཟུར་དུ་ཆ་ག་པ་ཟམ་མི་ཆད་པར་སྐྱེ་འཕེལ་འགྲོ་བཞིན་ཡོད་པས་ཟླ་3པ་དང་ཟླ་4པར་ཆ་ག་པའི་ཁྱུ་ཚོགས་གསར་པ་གྲུབ་ནས་གནོད་འཚེའི་གནས་ཚུལ་དེ་བས་ཚབས་ཆེ་རུ་འགྲོ་རྒྱུ་རེད།
     ཆ་ག་པའི་གནོད་འཚེ་གང་སར་ཁྱབ་པས་ས་ཁུལ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་འགྲན་སློང་དྲག་པོ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཆ་ག་པའི་གནོད་འཚེར་ཐུན་མོང་ཐོག་ཁ་གཏད་བཅག་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཐོན་པ་བྱེད་དགོས།
     བྱེ་ཐང་གི་ཆ་ག་པ་ནི་འཛམ་གླིང་ཐོག་གཏོར་བཤིག་ཚབས་ཆེ་ཤོས་ཀྱི་གནས་སྤོས་རང་བཞིན་གྱི་གནོད་འབུའི་གྲས་ཤིག་ཡིན་ཞིང་། ཉིན་ལྟར་རླུང་བུའི་ཁྲོད་སྤྱི་ལེ་150ཙམ་འཕུར་བ་དང་གསོན་ཚད་ཟླ་3ཙམ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་གཅིག་ཙམ་གྱི་སར་ཆ་ག་པའི་ཁྱུ་ཚོགས་ཀྱིས་ཉིན་རེར་མི་ཁྲི་3.5ཡི་འབྲུ་རིགས་བཟའ་ཡི་ཡོད།
     མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་སྙན་ཞུར་གཞིགས་ན། ད་ཐེངས་ཀྱི་ཆ་ག་པའི་གནོད་འཚེ་ཨ་ཧྥེ་རི་ཁ་ནུབ་མ་ནས་ཤར་མའི་བར་དང་། ཨེ་ཤེ་ཡ་ནུབ་མ་ནས་ལྷོ་མའི་བར་གྱི་རྒྱལ་ཁབ་20ལྷག་ཙམ་ལ་ཕོག་སྟེ་གནོད་འཚེ་ཕོག་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1600ལྷག་ཙམ་ཟིན་གྱི་ཡོད། དེའི་ནང་ཨ་ཧྥེ་རི་ཁའི་གླིང་ཟུར་ལ་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད། ཨེ་ཙེ་ཨོ་ཕི་ཡ་དང་། ཁེན་ནི་ཡ། སོ་མ་ལི་བཅས་ཀྱི་མངའ་ཁོངས་ཁོ་ནར་བྱེ་ཐང་གི་ཆ་ག་པའི་གྲངས་འབོར་དུང་ཕྱུར་3600ཙམ་ཟིན་ཡོད།
     ཁེན་ནི་ཡའི་དབུས་རྒྱུད་ཀྱི་ཨེན་པུ་ཅུན་གྱི་ཞིང་པ་པེ་ཡཱ་ཐེ་ལི་སི·ཨེན་ཅཱ་ལི་ཡིས་གསར་འགོད་པར“ཆ་ག་པ་ཁྲི་སྟོང་མང་པོ་ངའི་ཞིང་ནང་དུ་བབས་འདུག ངས་ན་ནིང་ཤན་ལིན་ཁྲི་10.5(ཧ་ལམ་ཨ་སྒོར་1050དང་མཚུངས་པ)བཏང་སྟེ་ལོ་ཏོག་བཏབ་ནས་འདི་ལོ་ཐོན་འབབ་ལྡབ་འཕར་ཡོང་རྒྱུའི་རེ་སྒུག་བྱས་པ་ཡིན། འོན་ཀྱང་ངའི་རེ་བ་ཚང་མ་སྟོང་ཟད་དུ་ཕྱིན་སོང”ཞེས་བརྗོད།
     གནོད་འཚེ་ཚབས་ཆེན་མང་པོ་བཟོས་པ།
     ཆ་ག་པས་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་མང་པོའི་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཏེ་འབྲུ་རིགས་དཀོན་པའི་གནས་ཚུལ་དེ་བས་ཚབས་ཆེ་རུ་སོང་ཡོད།
     ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་པུས་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་འདིའི་ཞིང་ལས་སྐྱེ་དངོས་སྤྱི་ཆིང་ཁྲི་6.5ཙམ་ལ་གནོད་འཚེ་ཕོག་པ་དང་མི་ཁྲི་2200ལྷག་ཙམ་ལ་འབྲུ་རིཌ་དཀོན་པའི་གནས་ཚུལ་དེ་བས་ཛ་དྲག་ཏུ་སོང་ཡོད།
     ཅི་པོའུ་ཐི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཐུན་མོང་ཐོག་ཡོངས་བསྒྲགས་བྱས་པའི་སྙན་ཞུར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་འབྲོག་ར་1700ཙམ་གྱི་ནང་80%ཡན་ལ་ཆ་ག་པའི་གནོད་འཚེ་ཕོག་པ་དང་། རྒྱལ་ཡོངས་ཀྱི་མི་ཁྲི་100ལྷག་ཙམ་ནང་མི་ཁྲི་28བཀྲེས་ལྟོགས་ཀྱི་གནས་སུ་གྱར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚོད་དཔག་བྱས་ན་ཁེན་ནི་ཡར་ས་ཞིང་སྤྱི་ཆིང་ཁྲི་7ལྷག་ཙམ་ལ་ཆ་ག་པའི་གནོད་འཚེ་ཕོག་ཡོད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་མཱ་ལི་ཡཱ·ཧའེ་ལུན་ནཱ·སའེ་མའེ་ཏོ་ཡིས་ཉིན་ཤས་གོང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་འཚོགས་རིང་། ས་ཧ་ལའི་ལྷོ་རྒྱུད་དུ་གནས་པའི་ཨ་ཧྥེ་རི་ཁར་མི་དུང་ཕྱུར་2.39བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བའི་གནས་སུ་གྱར་བ་དང་ཆ་ག་པའི་གནོད་འཚེས་ཨ་ཧྥེ་རི་ཁའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་བས་ཚབས་ཆེ་རུ་སོང་ཡོད་ཅེས་བརྗོད།
     རྒྱལ་སྤྱི་མཉམ་ལས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད།
     ཆ་ག་པའི་གནོད་འཚེའི་མདུན་དུ་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཁག་གཅིག་གི་ས་གནས་སྲིད་གཞུང་གིས་མཁའ་དབྱིངས་ནས་སྨན་གཏོར་བ་དང་མང་ཚོགས་ཁག་གཅིག་གིས་རྔ་དང་ཚལ་སླང་སོགས་རྡུང་བའི་སྲོལ་རྒྱུན་གྱི་ཐབས་ཤེས་སྤྱད་ཡོད་ཀྱང་ཕན་འབྲས་ཅུང་ཟད་ཙམ་ལས་ཐོན་མེད།
     ཝུ་ཀན་ཏ་ཞིང་ལས་པུའུ་ཡི་རྒྱལ་དོན་པུའུ་ཀྲང་ཨ་ཀ་ལའེ·པཱ་ཅིར་གྱིས་བྱེ་ཐང་གི་ཆ་ག་པ་སྔོན་དཔག་ལས་ཀྱང་སྔ་བ་སླེབས་པས་སྲིད་གཞུང་གིས་ཞིང་སྨན་གཏོར་བྱེད་ཀྱི་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་ཉོ་ཁོམ་མ་བྱུང་བས་ཝུ་ཀན་ཏ་དམག་དཔུང་ཕྱོགས་ཀྱིས་སྐམ་དམག་དམག་མི་1000སྐུལ་སློང་བྱས་ཏེ་ཆ་ག་པའི་གནོད་འཚེར་ཁ་གཏད་གཅོག་རོགས་བྱས་ཡོད་ཅེས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལོའུ་ཁོ་ཁེ་ཡིས་ཆ་ག་པ་སླེབས་ཏེ་ཨ་ཧྥེ་རི་ཁའི་གླིང་ཟུར་གྱི་མི་ཁྲི་1900ཙམ་ལ་འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་འབྲེལ་ཡོད་རྒྱལ་ཁབ་དང་། རྒྱལ་སྤྱིའི་སྤྱི་ཚོགས། ཞལ་འདེབས་རྒྱག་མཁན་བཅས་ལ་འཕྲལ་དུ་བྱ་སྤྱོད་སྤེལ་དགོས། “དེ་ལྟར་མ་བྱས་ཚེ་ང་ཚོར་གནོད་འཚེ་ཆེན་པོ་ཕོག་ངེས་རེད”ཅེས་འབོད་སྐུལ་བྱས་པ་རེད།