འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎འདྲི་གཅོད་ཐེངས་གཉིས་པས་ཧན་གོའི་ཙུང་ཐུང་ཟུར་པ་ལི་མིང་པོ་དུས་བཀག་བཙོན་འཇུག་ལོ་17བྱ་རྒྱུའི་ཁྲིམས་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་2ཚེས་19ཉིན། ལི་མིང་པོ(མདུན)ཧན་གོའི་ཧྲོའར་མཐོ་རིམ་ཁྲིམས་ཁང་དུ་འབྱོར་བ།
ཟླ་2ཚེས་19ཉིན། ལི་མིང་པོ(མདུན)ཧན་གོའི་ཧྲོའར་མཐོ་རིམ་ཁྲིམས་ཁང་དུ་འབྱོར་བ།
     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་ཧན་གོའི་ཧྲོའར་མཐོ་རིམ་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ལི་མིང་པོ་ཡི་ལྐོག་ཟ་རྔན་ལེན་གྱི་གྱོད་གཞིར་འདྲི་གཅོད་ཐེངས་གཉིས་པའི་ཁྲིམས་ཐག་བཅད་དེ་ལི་མིང་པོ་དུས་བཀག་བཙོན་འཇུག་ལོ་17བྱས་པ་དང་འབྲེལ་ཧན་སྒོར་དུང་ཕྱུར་130(ཨ་སྒོར་ཁྲི་1093ཙམ)ཡི་དངུལ་ཆད་བཅད་པ་རེད།
     2018ལོའི་ཟླ་4པར་ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་ལྐོག་ཟ་རྔན་ལེན་སོགས་ཀྱི་ཉེས་མིང་མང་པོའི་ཐོག་ནས་ལི་མིང་པོ་ཁྲིམས་ལ་སྦྱར་བ་རེད། ལོ་དེའི་ཟླ་10པར་ཧྲོའར་ཀྲུང་དབྱང་ས་གནས་ཁྲིམས་ཁང་གི་འདྲི་གཅོད་ཐེངས་དང་པོས་ལི་མིང་པོ་དུས་བཀག་བཙོན་འཇུག་ལོ་15བྱ་རྒྱུ་དང་འབྲེལ་ཧན་སྒོར་དུང་ཕྱུར་130ཡི་དངུལ་ཆད་བཅད་པའི་ཁྲིམས་ཐག་བཅད་པ་རེད། ལི་མིང་པོས་དཔྱད་མཚམས་འདོད་བློར་མ་བབས་པར་གོང་གཏུག་བྱས།
     ཁྲིམས་ཁང་གི་འདྲི་གཅོད་ཐེངས་གཉིས་པས་ལི་མིང་པོ་ཡིས་རང་ཉིད་ཀྱིས་དངོས་སུ་ཚོད་འཛིན་བྱས་པའི་DASཀུང་སིའི་གྲོན་དངུལ་ཧན་སྒོར་དུང་ཕྱུར་252(ཨ་སྒོར་ཁྲི་2118ཙམ)ཧམ་བཟུང་བྱས་པ་དང་། སན་ཤིང་ཀུང་སིའི་ལྐོག་རྔན་ཧན་སྒོར་དུང་ཕྱུར་89(ཨ་སྒོར་ཁྲི་748ཙམ)བླངས་པའི་ངོས་འཛིན་བྱས་པ་དང་། དེ་དང་ཆབས་ཅིག་ཁྲིམས་ཁང་གིས་ད་དུང་ལི་མིང་པོ་ཡིས་ཧན་གོའི་རྒྱལ་ཁབ་གསང་འཕྲིན་ཁང་དང་རྒྱལ་ཚོགས་ཀྱི་གྲོས་མི་སོགས་ཀྱི་ས་ནས་ལྐོག་རྔན་བླངས་པའི་ངོས་འཛིན་བྱས་པ་རེད། ད་ཐེངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་གྱོད་འབྲེལ་དངུལ་འབོར་དེ་འདྲི་གཅོད་ཐེངས་དང་པོའི་དངུལ་འབོར་ལས་མང་དུ་སོང་བས་འདྲི་གཅོད་ཐེངས་གཉིས་པའི་ཁྲིམས་གཅོད་ཚད་གཞི་བལྟོས་བཅས་ཀྱིས་ལྕི་རུ་ཕྱིན་ཡོད།
     ཁྲིམས་ཁང་གིས་ཉིན་དེར་ཁྲིམས་ཐག་བཅད་འབྲས་ཁྱབ་བསྒྲགས་བྱས་རྗེས་ཞུ་སྦྱོར་ཕྱི་མ་ལི་མིང་པོ་ཡིས་རང་གི་འགན་འཁྲི་དང་འོས་འགན་རྒྱབ་སྐྱུར་གྱིས་ལྐོག་རྔན་འབོར་ཆེན་བླངས་པ་དང་། ནག་ཉེས་ཀྱི་མདུན་དུ་ད་དུང་ཁས་ལེན་མ་བྱས་པར་ཉེས་འགན་མི་གཞན་ལ་དཀྲིས་པ་དང་དཔང་རྟགས་ཁུངས་བཙན་གྱི་མདུན་དུ་སྔར་བཞིན་རང་སྐྱོན་རང་བརྟག་བྱས་མེད་ཅེས་བཤད་པ་རེད།
     ལི་མིང་པོ་1941ལོར་སྐྱེས་ཤིང་། 2008ལོ་ནས་2013ལོའི་བར་ཧན་གོའི་ཙུང་ཐུང་གི་འགན་བཞེས། 2018ལོའི་ཟླ་3ཚེས་22ཉིན་ལྐོག་ཟ་རྔན་ལེན་གྱི་དོགས་པ་ཡོད་པས་འཛིན་བཟུང་བྱས་པ་དང་2019ལོའི་ཟླ་3པར་ཁག་ཐེག་བཙུགས་ནས་གློད་འགྲོལ་གཏོང་རྒྱུའི་ཆོག་མཆན་ཐོབ་པ་རེད། འདྲི་གཅོད་ཐེངས་གཉིས་པའི་བཅད་འབྲས་ཁྱབ་བསྒྲགས་བྱས་རྗེས་ལི་མིང་པོ་ཡི་ཁག་ཐེག་བཙུགས་ནས་གློད་འགྲོལ་གཏོང་བའི་ཐོབ་ཐང་མེད་པར་བཟོས་ནས་ཁྲིམས་རའི་ཐོག་འཛིན་བཟུང་བྱས་པ་རེད།
ཟླ་2ཚེས་19ཉིན། ལི་མིང་པོ(མདུན)ཧན་གོའི་ཧྲོའར་མཐོ་རིམ་ཁྲིམས་ཁང་དུ་འབྱོར་བ།
ཟླ་2ཚེས་19ཉིན། ལི་མིང་པོ(མདུན)ཧན་གོའི་ཧྲོའར་མཐོ་རིམ་ཁྲིམས་ཁང་དུ་འབྱོར་བ།