འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བོད་སྨན་སྦྱོར་བཟོ་མགྱོགས་མྱུར་ཐོ་བཀོད་ཀྱི་སྟབས་བདེའི་ལམ་བུ་གཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་རྫས་ཁག་གཅིག་མཁོ་མང་སྤྲོད་ཉུང་གི་གནས་ཚུལ་ཐོན་ཡོད། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དམིགས་བསལ་ལས་དོན་དམིགས་གསལ་ངང་སྒྲུབ་པ་དང་ཞིབ་བཤེར་གཏན་འབེབས་མགྱོགས་མྱུར་བྱེད་པའི་རྩ་དོན་ལ་གཞིགས་ནས《བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དམིགས་བསལ་དུས་སྐབས་སུ་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་རྟ་ཐོ་འགོད་རེ་ཞུའི་གོ་རིམ》བཟོས་པ་དང་། 《སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་འཐུས་ལག་ཁྱེར》དང《གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྨན་རྫས་ཐོ་འགོད་མཆན་བཀོད་ཡིག་ཆ་》ཡོད་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའམ་གཞི་ཁྱོན་ཅུང་ཆེ་བའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་(དཀར་ཆག་དེ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཁོ་འདོན་བྱས་པ)《བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཇུས་གཞིའི》ནང་བཀོད་པའི་བོད་ལུགས་གསོ་རིག་སྨན་རྫས་སྣ་ཁ་24སྐབས་འཕྲལ་སྦྱོར་བཟོ་བྱས་པ་རེད།
     ཟླ་2ཚེས་3ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆེད་མངགས་མི་སྣ་སྐོང་འཐེན་བྱས་ཏེ། ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་ཕུལ་བའི་དཔྱད་གཞིར་མགྱོགས་མྱུར་ཞིབ་དཔྱད་ཐོ་འགོད་བྱས་པ་རེད། ཚེས་17ཉིན་བར་སྨན་བཅོས་སྒྲིག་གཞི་11གིས་རེ་ཞུ་བྱས་པའི་སྣ་ཁ་21གི་ཁག་66ཐོ་འགོད་སྙན་སེང་འབྱོར་བ་དང་། སྨན་སྦྱོར་གྱི་གནས་སྐབས་ཐོ་འགོད་སྙན་སེང་ཨང་གྲངས་62ཞིབ་བཤེར་གཏན་འབེབས་བྱས་ནས་སྤྲད་པ་མ་ཟད། འབྲེལ་ཡོད་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་ཚད་ལྡན་ངང་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་བྱས་ནས། མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།    
     ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་མགྱོགས་མྱུར་ངང་ཐོ་འགོད་བྱས་པའི་ཐོན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཚད་གཞི་དམའ་རུ་མི་འགྲོ་བ་དང་། སྤུས་ཚད་བློས་འགེལ་ཆོག་པ། བདེ་འཇགས་ནུས་ལྡན། མཁོ་སྤྲོད་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད།