འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱིས་རིམས་འགོག་དང་དབུལ་སྒྲོལ་གྱི་དམག་འཐབ་གཉིས་ཡག་པོ་རྒྱག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གྲོང་ཚོར་དུག་སེལ་དང་། གྲོང་མི་ཕྱིར་འགྲོ་དུས་ཁ་རས་རྒྱག་པ། མཉམ་འཛོམས་མི་བྱེད་པ། འདུ་རུབ་མི་བྱེད་པ་བཅས་བྱས་ཏེ། “ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་གནས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་པ་དང་ཆབས་ཅིག དབུལ་པོ་དབུལ་རྐྱང་ཧུར་ཐག་སེལ་བ་རེད།
     ཝེ་ཞི་ལི་སུའུ་རིགས་རང་སྐྱོང་རྫོང་ནི་བདེ་ཆེན་ཀྲོའུ་ཡི་རྫོང་དབུལ་པོ་མཐའ་མ་དེ་ཡིན་ལ། འདི་ལོ་དབུལ་སྒྲོལ་བྱེད་རྩིས་ཡོད་པ་དང་། ཛ་དྲག་པའི་རིམས་ནད་ཀྱི་དུས་བབ་མདུན་དུ་ས་གནས་དེ་གས་དམག་འཐབ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྫོང་གི་འགོ་ཁྲིད་37གྱིས་མདུན་ཕྱོགས་སུ་བཀོད་འདོམས་དང་། གྲོང་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་མི་352གང་མགྱོགས་ལས་གནས་སུ་འབྱོར་བ་བྱས་ནས་གཙང་སྦྲ་དང་དུག་སེལ་ཆེ་མོ་སོགས་ཀྱི་ལས་དོན་སྤེལ་བར་རམ་འདེགས་བྱས་པ་རེད།
     “རིམས་འགོག་དང་དབུལ་སྒྲོལ་ནི་ང་ཚོའི་ལས་དོན་གཙོ་བོ་རེད། རིམས་ནད་ཐོན་རྗེས་གྲོང་ཚོའི་ལས་བྱེད་པ་ཉིན་ལྟར་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་དེ་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་དང་། གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད”ཅེས་ཝེ་ཞི་རྫོང་པོའུ་ཧོ་གྲོང་རྡལ་ལ་རི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ལེས་བརྗོད།
     གྲོང་ཚོ་དབུལ་པོ་ཞིག་ཡིན་པའི་ངོས་ནས་དབུལ་པོ་ཐོན་ཚད་མཐོ་ཤོས་སྐབས་56%ལས་བརྒལ་གྱི་ཡོད་པས་གྲོང་ཚོ་དབུལ་སྒྲོལ་ཐུབ་པ་ལས་སླ་པོ་ཞིག་མ་ཡིན་པས། སྲ་བརྟན་མཐོར་གཏོང་ལས་དོན་ངེས་པར་དུ་ཡག་པོ་སྒྲུབ་དགོས། མིག་སྔར། གྲོང་མི་ཚོ་དཔྱིད་འདེབས་དཔྱིད་རྨོད་ལས་ལ་བྲེལ་བཞིན་ཡོད།
     “འདི་ལོའི་དཔྱིད་འདེབས་ལའང་འགྱུར་ལྡོག་བྱུང་ཡོད”དེ་སྔོན་དཔྱིད་འདེབས་སྐབས་གྲོང་མི་ཚོ་མཉམ་དུ་འཛོམས་ནས་ཐོན་སྐྱེད་བྱེད་ཀྱི་ཡོད་པས་གྲོང་མི་མང་ཆེ་བས་ཕན་ཚུན་རོགས་རམ་བྱེད་འདོད་བྱེད་ཀྱི་ཡོད། འོན་ཀྱང་། རིམས་འགོག་གི་དུས་བབ་འོག་མི་སྣ་འདུ་འཛོམས་ཉུང་དུ་གཏོང་དགོས་པས་སྔོན་ནས་དཔྱིད་རྨོད་གྲ་སྒྲིག་བྱས་ཏེ“ཁ་ཐོར་རྣམ་པའི”དཔྱིད་འདེབས་བྱེད་པ་ནི་ས་གནས་དེ་གའི་གནས་ཚུལ་གསར་པ་ཞིག་ཏུ་གྱུར་ཡོད།
     འགག་སྒོའི་ས་ཚིགས་སུ་རིམས་འགོག་ལས་དོན་སྤེལ་བཞིན་པའི་ཡུས་ཅན་ཤིན་ནི། ལ་རི་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་ཞིག་རེད། 2015ལོར་བཟའ་ཟླར་ནད་ཚབས་ཆེན་ཕོག་པ་དང་ཕྲུ་གུ་གཉིས་ད་དུང་སློབ་གྲྭར་འགྲོ་བཞིན་ཡོད་པས། དུད་ཚང་དབུལ་པོ་ཡིན་པའི་ཁོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་རེད། དབུལ་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོང་གིས་སྔོ་ཚལ་འདེབས་འཛུགས་བྱས་པ་བརྒྱུད། 2018ལོར་དབུལ་སྒྲོལ་བྱུང་བ་མ་ཟད། ད་དུང་དུད་ཚང་དབུལ་པོ་20ཙམ་སྔོ་ཚལ་མཉམ་ལས་ཁང་ནང་ཞུགས་པར་ཁྲིད་སྟོན་བྱས་པ་རེད།
     རིམས་ནད་ཐོན་རྗེས། ཡུས་ཅན་ཤིན་གྱིས་གྲོང་ཚོར་འགོག་སྒོའི་ས་ཚིགས་བཙུགས་ཏེ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་སྣ་ཐོ་འགོད་བྱེད་དགོས་པ་ཤེས་རྟོགས་བྱུང་རྗེས་འཕྲལ་མར་མིང་ཐོ་བཀོད་པ་རེད།
     “ཐོན་ལས་དབུལ་སྐྱོར་རྟེན་གཞིའི་ཤ་མོ་ཡག་པོ་སྐྱེས་ཡོད་པས་ཟླ་4པར་ཁྲོམ་རར་བཏོན་ཆོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཀྱང་དབུལ་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ལ་ལྷོད་གཡེང་གཏོང་རྒྱུ་མེད་པས། ཁོང་ཚོས་ནོའོ་ཧྲན་ཡོའོ་ཞོག་རྒོད་འདེབས་འཛུགས་ཀྱི་རྒྱ་ཁྱོན་དེ་མུའུ་10ནས་མུའུ་150བར་རྒྱ་སྐྱེད་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་འཆར་གཞི་ཡོད”ཅེས་ལེ་ཡུས་ཀྱིས་བརྗོད།
     2018ལོར། ཡུང་ཨན་གྲོང་ཚོའི་མཉམ་ལས་ཁང་བཙུགས་ཏེ་པེ་ཅིང་དང་ཀོང་ཏུང་སོགས་ས་གནས་ཀྱི་ཁེ་ལས་དང་མངགས་ཐོའི་ཐོན་སྐྱེད་ཀྱི་གྲོས་མཐུན་ཡི་གེ་བཞག་པ་དང་། ཤ་མོ་དང་ཞོག་ཁོག་སོགས་ཐོན་སྐྱེད་བྱས་ཏེ་གྲོང་ཚོ་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་159དེའི་ནང་ཞུགས་ནས་ད་ཆ་གྲོང་ཚོ་ཧྲིལ་པོར་དབུལ་པོ་ཐོན་ཚད་2%ལས་དམའ་བ་ཡོད།
     “མ་གཞི་མིག་སྔར་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་མེད་ཀྱང་། ང་ཚོར་རིམས་འགོག་དང་མང་ཚོགས་ལ་གོ་སྐོན་སློབ་གསོ་རྒྱག་པའི་གནོན་ཤུགས་ཆེན་པོ་འདུག”ཅེས་བདེ་ཆེན་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་དབྱང་ཁྲུན་ཞིའུ་ཡིས་བརྗོད། ཁོང་གིས་བདེ་ཆེན་རྫོང་ནི་ཡུན་ནན་གྱི་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་པ་དང་། མང་ཚོགས་ཁ་ཤས་ལ་མ་གཞི་ནས་གློ་བའི་ནད་ཡོད་ལ། དགུན་ཁར་ད་དུང་ལ་དུག་ཀྱང་ཕོག་གི་ཡོད། ཏོག་གསར་གློ་ཚད་ལ་རྒྱུས་མངའ་མེད་པའི་མང་ཚོགས་ཁ་ཤས་ཀྱི་སེམས་ལ་དངངས་སྐྲག་སྐྱེ་ཡི་ཡོད་པས། རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག སྨན་དོན་མི་སྣས་རྒྱུན་དུ་མང་ཚོགས་ལ་གོ་སྐོན་སློབ་གསོ་རྒྱག་གི་ཡོད་ཅེས་བརྗོད།