འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཆུ་བེད་སྡེ་ཚན་གྱིས་ཆུ་བེད་ལས་གྲྭ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཆུ་བེད་པུས་ཐོན་སྐྱེད་ལས་འགན་ཁག་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དམག་འཐབ་དང་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཆུ་བེད་ཀྱིས་འགན་ལེན་སྲ་བརྟན་བྱས་ཡོད། ཟླ་གཉིས་པ་ཚུན་དུ། རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་འཁོར་རྒྱུག་དོ་དམ་མ་ལག་གིས“ཉིན་རེར་སྙན་སེང་ཞུ་བའི”ལམ་ལུགས་བཟོས་ཏེ་ཆུ་བེད་པུས་ཉིན་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རྒྱལ་ཡོངས་ཀྱི་ཆུ་མཛོད་རགས་ཆེན་གྱི་བདེ་འཇགས་འཁོར་རྒྱུག་དང་ནུས་པ་འདོན་སྤེལ་གནས་ཚུལ་སྙན་སེང་ཞུ་གི་ཡོད། ཟླ་2ཚེས་14ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་རྒྱུག་ཁུལ་སྒྲིག་གཞི་6དང་། ཕྱོགས་བསྡུས་བྱ་གཞག་ཅུས། ཞའོ་ལང་ཏི་དོ་དམ་ལྟེ་གནས་བཅས་ཀྱིས་དོ་དམ་བྱེད་པའི་གཙོ་གནད་ཆུ་བེད་ལས་གྲྭ་4032ཀྱི་བདེ་འཇགས་འཁོར་རྒྱུག་རྒྱུན་གཏན་ལྟར་ཡིན་པ་མ་ཟད། ཆུ་མཁོ་འདོན་སོགས་ཀྱི་ནུས་པ་རྒྱུན་གཏན་བཞིན་འདོན་སྤེལ་ཐུབ་ཀྱི་ཡོད་པ་རེད།
     ཆུ་བེད་ལས་གྲྭ་ལས་འགོ་བསྐྱར་ཚུགས་དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། རྒྱལ་ཁབ་ཀྱི་གཙོ་ཆེའི་ཆུ་བེད་ལས་གྲྭ་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་དམངས་འཚོའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས། ཀྲུའུ་ཅང་ཟུར་གསུམ་གླིང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ལམ་ཐིག་ཡོངས་ཀྱི་ཨར་སྐྲུན་དུམ་མཚམས་13ཚང་མ་མིག་སྔར་ལས་འགོ་བསྐྱར་ཚུགས་བྱས་ཡོད།
     ཆུ་བེད་སྡེ་ཚན་ཁག་གིས་ཕྱོགས་གཅིག་ནས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཧྲན་ཏུང་ཞིང་ཆེན་ཆུ་བེད་ཐིང་གིས《གཙོ་གནད་ཆུ་བེད་ལས་གྲྭའི་ལས་འགོ་བསྐྱར་ཚུགས་དང་ལས་འགོ་འཛུགས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་། དཔྱིད་གསར་དུས་ཆེན་རིང་ལས་མཚམས་བཞག་ནས་ལས་འགོ་ཚུགས་པའི་རྣམ་གྲངས་དང་དེ་བཞིན་ཉེ་ཆར་ལས་འགོ་བསྐྱར་ཚུགས་ཀྱི་ཆ་རྐྱེན་ལྡན་པའི་རྣམ་གྲངས་ངེས་པར་དུ་ཟླ་2ཚེས་15ཉིན་གོང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ལས་འགོ་འཛུགས་དགོས་པ་དང་། རྣམ་གྲངས་གཞན་དག་གི་དུས་འགོའི་འགྲོ་ལུགས་ཁག་གཉེར་མགྱོགས་སུ་བཏང་ནས་གང་མགྱོགས་ལས་འགོ་འཛུགས་པའི་ཆ་རྐྱེན་དོན་འཁྱོལ་བྱས་ཐོག་ཟླ་2ཚེས་29ཉིན་གྱི་གོང་ལས་འགོ་འཛུགས་ཚར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།