འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་ནོར་སྲིད་པུས་བརྡ་ཐོ་བཀྲམ་སྟེ་ནོར་སྲིད་དབུལ་སྐྱོར་མ་དངུལ་རྣམ་གྲངས་
དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བར་བྱ་ཆེད། ཟླ་2ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་ནོར་སྲིད་པུས་མཉམ་དུ《བརྡ་ཐོ》བཀྲམ་སྟེ། ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་རྣམ་གྲངས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་བཀོད་སྒྲིག་བྱས་པ་རེད།
     《བརྡ་ཐོའི》ནང་ནན་བཤད་བྱས་དོན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་གྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ཏེ། རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། 2020ལོར་ཀྲུང་དབྱང་གི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་མང་དུ་བཏང་སྟེ་ས་ཁུལ་དེ་དག་ལ་འོས་འཚམ་གྱིས་གཟིགས་སྐྱོང་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ལའང་མ་དངུལ་བགོ་བཤའ་རྒྱག་སྐབས་གཟིགས་སྐྱོང་བྱེད་དགོས། སྔོན་ཚུད་ནས་སྤྲད་པའི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དག་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ལ་ཤུགས་རྐྱེན་ཐེབས་པའི་དབུལ་སྐྱོར་རྣམ་གྲངས་ལ་སྔོན་ལ་རྒྱབ་སྐྱོར་བྱེད་དགོས།
     《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཞིབ་འཇུག་གིས་བཟོ་བ་དང་། རྫོང་རིམ་པས་ཡུལ་བབ་དང་བསྟུན་ནས་བཅོས་སྒྲིག་བྱེད་ཆོག་པ་དང་མ་དངུལ་བེད་སྤྱོད་གཏོང་རྒྱུ་ལེགས་སུ་བཏང་ནས་གཙོ་གནད་ཐོག་ཐོན་ལས་རྣམ་གྲངས་ལ་གཟིགས་སྐྱོང་བྱེད་པ། ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་བྱེད་དགོས།
     《བརྡ་ཐོའི》ནང་བླང་བྱ་བཏོན་དོན། རིམས་ནད་ཀྱི་ཤུགས་རྐྱེན་ལ་དམིགས་ཏེ། རྫོང་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་མཛོད་སྟབས་བསྟུན་ལེགས་སྒྲིག་ཡག་པོ་བྱེད་པ་དང་། རིམས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་རིགས་ལ་འཕྲལ་དུ་ལག་ལེན་བསྟར་དགོས་པའི་རྣམ་གྲངས་སྔོན་ལ་མཛོད་ནང་བཅུག་ནས་མ་དངུལ་གྱི་རྒྱབ་སྐྱོར་སྔོན་ལ་བྱེད་དགོས། རྣམ་གྲངས་ཀྱི་ཉོ་སྒྲུབ་བརྒྱུད་རིམ་ལེགས་སུ་བཏང་ནས་རྣམ་གྲངས་སྔ་ཙམ་སྐྲུན་འགོ་ཚུགས་ཏེ་ཕན་འབྲས་ཐོན་པ་བྱེད་དགོས། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་རྣམ་གྲངས་ཡོངས་བསྒྲགས་དང་སྤྱི་བསྒྲགས་ཀྱི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་དགོས།