འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱིས་ཀྲུང་གོ་ཕྱོགས་ཀྱི་སྙན་ཞུས་ཏོག་གསར་གློ་ཚད་རིམས་ནད་
སྔོན་འགོག་ཚོད་འཛིན་ཐད་ལུགས་མཐུན་གྱི་གྲོས་འགོ་འདོན་རྒྱུར་ཕན་པ་ཐོན་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཏེ་སའེ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་གློ་ཚད་དང་འབྲེལ་བའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གསར་དུ་ཡོངས་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་རིག་པ་དང་འབྲེལ་བའི་སྙན་ཞུས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལུགས་མཐུན་གྱི་གྲོས་འགོ་འདོན་རྒྱུར་ཕན་པ་ཐོན་ཡོད་ཅེས་བརྗོད་པ་རེད།
     ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་དེ་ཉིན《ཀྲུང་ཧྭའི་རིམས་ནད་རིག་པའི་དུས་དེབ》ཐོག《ཏོག་གསར་གློ་ཚད་རིམས་ནད་རིག་པའི་ཁྱད་ཆོས་དབྱེ་ཞིབ》ཀྱི་སྙན་ཞུ་ཡོངས་བསྒྲགས་བྱས་ཏེ། 2020ལོའི་ཟླ་2ཚེས་11ཉིན་བར་གྱི་ཀྲུང་གོའི་ནང་སའི་རིམས་ནད་སྙན་ཞུའི་ཆ་འཕྲིན་མ་ལག་ནང་གོང་ཞུ་བྱས་པའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཁྲི་7ལྷག་ཙམ་ཟིན་པར་དབྱེ་ཞིབ་བྱས་པའི་ནང་ནད་གཞི་གཏན་འཁེལ་གྱི་ནད་དཔེ་དང་དོགས་ཡོད་ནད་དཔེ་སོགས་ཚུད་ཡོད་པ་རེད།
     ཐེན་ཏེ་སའེ་ཡིས“གྲངས་གཞི་དེ་དག་ལས་ང་ཚོས་འགོ་ནད་ཕོག་མཁན་གྱི་ལོ་ན་དང་། ནད་གཞི་ཚབས་ཆེ་ཆུང་། ནད་གཞི་ཕོག་ནས་ག་ཚོད་གྲོངས་མིན་སོགས་ལ་སྔར་བས་རྒྱུས་མངའ་ཡག་པོ་ལོན་ཐུབ་ཡོད། དེས་ན་སྙན་ཞུ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་ལ་དོན་དངོས་དང་མཐུན་པའི་ལུགས་མཐུན་གྱི་གྲོས་འགོ་འདོན་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡོད”ཅེས་བརྗོད།
     ཐེན་ཏེ་སའེ་ཡིས་རྒྱལ་ཁབ་ཚང་མར་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་གྲངས་གཞི་ཡོངས་བསྒྲགས་མཉམ་སྤྱོད་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད།