འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་ནད་ཐོག་སྨན་བཅོས་ཀྱི་ནད་དཔྱད་འབྲས་བུ་སྤྱད་དེ་ཏོག་གསར་གློ་ཚད་ཀྱི་
ནད་དཔེ་གཏན་འཁེལ་བྱེད་སྟངས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་ཤས་གོང་ཀྲུང་གོས་ཧུའུ་པེ་ཞིང་ཆེན་དུ་ནད་ཐོག་སྨན་བཅོས་ཀྱི་ནད་དཔྱད་འབྲས་བུ་སྤྱད་ནས་ཏོག་གསར་གློ་ཚད་ཀྱི་ནད་དཔེ་གཏན་འཁེལ་བྱེད་སྟངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། དེས་ནད་པར་ནད་ཐོག་སྨན་བཅོས་དང་ནད་སྐྱོང་སོགས་དེ་བས་མགྱོགས་པོ་བྱེད་པར་རོགས་རམ་ཐུབ་རྒྱུ་དང་། དེའི་དབང་གིས་ནད་དཔེ་གཏན་འཁེལ་བྱུང་བའི་གྲངས་འབོར་མང་དུ་སོང་བ་དེ། “རིམས་ནད་འཕེལ་ཚུལ་ལ་འགྱུར་ལྡོག་གལ་ཆེན་བྱུང་བ་མཚོན་གྱི་མེད་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་འགན་འཁུར་བ་མའེ་ཁེར·རུད་ཨན་གྱིས་དེ་གོང་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧུའུ་པེར་ནད་དཔེ་གཏན་འཁེལ་བྱུང་བའི་གྲངས་འབོར་མང་དུ་སོང་བ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བལྟས་ན་དེ་ནི་སྙན་ཞུ་བྱེད་སྟངས་ལ་འགྱུར་བ་སོང་བས་རེད། “མ་གཞི་གྲངས་ཀའི་ཐད་ནས་བལྟས་ན་ཀྲུང་གོས་སྙན་སེང་ཞུས་པའི་ནད་དཔེ་གཏན་འཁེལ་བྱུང་བའི་གྲངས་འབོར་མང་དུ་ཤུགས་ཆེན་སོང་ཡོད་མོད། ཡིན་ནའང་དེས་རིམས་ནད་འཕེལ་ཚུལ་ལ་འགྱུར་ལྡོག་གལ་ཆེན་བྱུང་བ་མཚོན་གྱི་མེད”ཅེས་བརྗོད།
     རུད་ཨན་གྱིས་བརྡ་ཁྱབ་བཏང་བའི་གསར་འཕར་གཏན་འཁེལ་བྱུང་བའི་ནད་དཔེ་མང་ཆེ་བ་ནི་དོན་དངོས་ཐོག་ཉིན་ཤས་གོང་ངམ་གཟའ་འཁོར་འགའ་ཤས་གོང་དང་ཐ་ན་རིམས་ནད་ཐོན་མ་ཐག་པའི་དུས་ནས་རིམ་བསགས་ཐེབས་པའི་ནད་དཔེ་ཡིན་སྲིད། ནད་དཔེ་གཏན་འཁེལ་བྱེད་སྟངས་མི་འདྲ་བས་དེ་གོང་ནད་དཔེ་དེ་དག་ནད་དཔེ་གཏན་འཁེལ་བྱུང་བའི་ཁོངས་སུ་བཅུག་མེད་པའི་འགྲེལ་བཤད་སྔར་བས་བརྒྱབ་པ་རེད།
     ཉིན་ཤས་གོང་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཏང་བའི་བརྡ་ཁྱབ་ནང《ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་གྱི་པར་གཞི་ལྔ་པ)》གཞིར་བཟུང་། ཧུའུ་པེ་ས་ཁུལ་གྱི་དོགས་ཡོད་ནད་དཔེར་གློ་ཚད་ཀྱི་གློག་པར་རིག་པའི་ཁྱད་ཆོས་ལྡན་རིགས་ནད་ཐོག་སྨན་བཅོས་ཀྱི་ནད་དཔྱད་ནད་དཔེའི་ཁོངས་སུ་བཅུག་ཡོད་ཅེས་འཁོད་ཡོད།