འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་བཟོ་བ་དེ་ནི་གནས་སྐབས་ཙམ་རེད།

——ཡོ་རོབ་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཏུང་ཧྲེ་སང་ཐན་ཏེ་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     དེང་སྐབས་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཀྲུང་གོ་བ་འགྲོ་སྐྱོད་བྱེད་ཚད་ཉུང་དུ་ཕྱིན་ཡོད། སྔོན་མངགས་ཀྱི་འགྲུལ་བཞུད་མང་པོ་ཞིག་སྐྱོད་ཐབས་བྲལ་བས་ཕྱི་རྒྱལ་གྱི་ཡུལ་སྐོར་ཁྲོམ་རར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་བཟོས་ཡོད། ཉེ་ཆར་ཡོ་རོབ་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ལས་འཛིན་སང་ཐན་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་འདི་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཉམས་ཉེན་ཞིག་ཡིན་པ་དང་། ཀྲུང་གོ་བའི་གྱོང་གུན་ནི་ཧ་ཅང་ཚབས་ཆེན་ཡིན། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པས། གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཐེབས་པ་ནི་གནས་སྐབས་ཙམ་རེད་ཅེས་བརྗོད་པ་རེད།
     ཡུལ་སྐོར་དཔལ་འབྱོར་བློ་འདྲི་ཀུང་སིའི་བསྡོམས་རྩིས་གཞིར་བཟུང་། འདི་ལོ་ཡོ་རོབ་ཏུ་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བ་20%ཙམ་ཉུང་དུ་འགྲོ་རྒྱུ་རེད། “མདུན་སྐྱོད་ཕྱོགས་སྟོན”ཡུལ་སྐོར་ཆ་འཕྲིན་ཀུང་སིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་དོན། འདི་ལོའི་ཟླ་1ཚེས་20ནས་ཟླ་2ཚེས་9ཉིན་བར་ཀྲུང་གོ་ནས་ཡོ་རོབ་ཏུ་དུས་གཏན་གནམ་གྲུ་མངགས་མཁན་36.7%ཉུང་དུ་ཕྱིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དང་ཨ་མེ་རི་ཁ་གླིང་གི་དུས་གཏན་གནམ་གྲུ་མངགས་མཁན་58.3%དང་64.1%ཙམ་ཆག་ཡོད།
     སང་ཐན་ཏེ་ཡིས་རིམས་ནད་ཐོན་པའི་རྐྱེན་གྱིས་འཆར་གཞི་ལྟར་ཡོ་རོབ་ཏུ་ཡུལ་སྐོར་ལ་སྐྱོད་མཁན་ཀྲུང་གོ་བ་ཁག་གཅིག་གི་འགྲུལ་བཞུད་ནར་འགྱངས་བྱེད་དགོས་འཁེལ་ཡོད། འོན་ཀྱང་དེས་ལས་རིགས་ལ་གྱོང་གུན་ཆེན་པོ་བཟོ་མི་སྲིད་ཅེས་བརྗོད་པ་རེད། ཡུལ་སྐོར་དཔལ་འབྱོར་བློ་འདྲི་ཀུང་སིས། གཏན་འཁེལ་མེད་པའི་རང་བཞིན་མང་པོ་ལྡན་ཡོད་རུང་མིག་སྔའི་བསྡོམས་ཚིག་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ལ་བཟོས་པའི་ཤུགས་རྐྱེན་ནི་གནས་སྐབས་ཙམ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
     ཡུལ་སྐོར་ལས་རིགས་དུས་གང་ཞིག་ཏུ་རྒྱུན་གཏན་ལྟར་སླར་གསོ་ཡོང་མིན་སྐོར་ལ། སང་ཐན་ཏེ་ཡིས། ལས་རིགས་གཅིག་པ་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། ཡོ་རོབ་དང་ཀྲུང་གོ་སྲིད་གཞུང་ཚུད་པའི་དབང་གྲགས་ལྡན་པའི་བསམ་འཆར་ལ་ཡག་པོ་ཉན་དགོས། ཡོ་རོབ་ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་དབར་གྱི་མཉམ་ལས་མཚམས་འཇོག་བྱེད་མི་སྲིད། དུས་བབ་ལེགས་སུ་ཕྱིན་ན་འཕྲལ་མར་ཡུལ་སྐོར་སླར་གསོ་བྱེད་རྒྱུ་རེད་ཅེས་བཤད་པ་རེད།