འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཀྲུང་གོས་ཐུན་མོང་མ་ཡིན་པའི་བྱ་ཐབས་སྤྱད་དེ་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱས་པ།

—— མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལུའོ་ཁོའོ་ཁེར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་བ་དྲུང་ཆེ་གཞོན་པ་ལུའོ་ཁོའོ་ཁེ་ཡིས་ཉིན་ཤས་གོང་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཁྱད་དུ་འཕགས་ཤིང་སྤྱིར་བཏང་མ་ཡིན་པའི་བྱ་ཐབས་སྤྱད་ཡོད། རིམས་ནད་ཀྱི་འགྲན་སློང་ཛ་དྲག་འཕྲད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ནས་རིམས་འགོག་གི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ལུའོ་ཁོའོ་ཁེ་ཡིས“ངས་དང་ཐོག་ཀྲུང་གོས་འགྲན་སློང་ཛ་དྲག་དེ་ལྟ་བུར་ཁ་གཏད་གཅོག་པའི་བྱ་ཐབས་ལ་བླ་ན་མེད་པའི་གུས་འདུད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཀྲུང་གོས་ད་ཐེངས་ཀྱི་རིམས་འགོག་ཁྲོད་སྤྱིར་བཏང་མིན་པའི་འབད་བརྩོན་བྱས་ཡོད་ལ། ཁྱད་དུ་འཕགས་པའི་བྱ་ཐབས་ཀྱང་སྤྱད་ཡོད”ཅེས་བརྗོད་པ་རེད།
     ལུའོ་ཁོའོ་ཁེ་ཡིས་ཀྲུང་གོས་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་ནད་དུག་རྒྱལ་ཁབ་གཞན་ལ་མཆེད་རྒྱུ་བཀག་འགོག་བྱས་པ་མ་ཟད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ནད་དུག་ལ་ཞིབ་འཇུག་དང་ཁ་གཏད་གཅོག་ཐབས་ནུས་ལྡན་བཙལ་འཚོལ་སོགས་ཀྱི་འབད་བརྩོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་གང་ལེགས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
     ཁོང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་ཀྲུང་གོའི་ནད་དུག་རིགས་གཅིག་མཁས་ཅན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་སྨན་བཅོས་བྱ་ཐབས་ནུས་ལྡན་ཞིབ་འཇུག་གསར་སྤེལ་སྔ་ཙམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་མིག་སྔར་ཐོན་ཁུངས་དང་སྟོབས་ཤུགས་སྣ་ཚོགས་སྐུལ་སློང་བྱས་ནས་ཀྲུང་གོ་དང་རྒྱལ་ཁབ་གཞན་གྱི་ནད་པར་གང་མགྱོགས་གཏམ་བཟང་བསྒྲགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།