འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎མཚོ་སྔོན་གྱིས“གསར་བརྗེའི་བྱ་སྤྱོད”སྤེལ་ནས“རིམས་ནད་འགོག་རྒོལ་གྱི་མཁར་རྫོང”བརྟན་པོ་ཞིག་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེན་ཁའི་དུས་སུ་གསར་བརྗེའི་ཁྲིད་སྟོན་དེ་བས་སྲ་ཞིང་བརྟན་པ།
     “ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རང་འགུལ་ངང་ལས་དོན་སྤེལ་བ། རང་དཔེ་གཞན་སྟོན་གྱིས་བླང་བྱ་ལག་ལེན་བསྟར་བ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ”བཅས་ནི་ཟི་ལིང་གྲོང་ཨུད་རྩ་འཛུགས་པུས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བཏང་བའི“གསར་བརྗེའི་རུབ་འཛོམ་དུང་བརྡ”ཞིག་ཡིན།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་། ཟི་ལིང་གྲོང་ཁྱེར་གྱིས་གསར་བརྗེའི་ཁྲིད་སྟོན་དང་། གསར་བརྗེའི་སྡེ་ལས། གསར་བརྗེའི་གདོང་ལེན་བཅས་ཀྱི“གསར་བརྗེའི་བྱ་སྤྱོད”སྤེལ་ནས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་ས་མཐོའི་གནའ་གྲོང་སྲུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།
     “ཧྲུའུ་ཅི་ཧན་ལགས་ཡིན་ནམ། ངར་སྤྱོད་གཅིག་མའི་ཁ་རས་དང་དུག་སེལ་གཤེར་ཁུ་མཁོ་བས་ཐག་གཅོད་བྱེད་ཐུབ་བམ”ཞེས་པ་དེ་ནི་ཝུའུ་ཧན་ནས་ཟི་ལིང་དུ་ཡོང་སྟེ་ཁྱིམ་དུ་ལོགས་སུ་བཞག་པའི་སྐུ་ཞབས་ལིའུ་ལགས་ཀྱིས་ཁ་པར་ནང་བཤད་པའི་སྐད་ཆ་རེད། ཁ་པར་དེ་ལྟ་བུ་གྲོང་ནུབ་ཆུས་ཧུའུ་ཐའེ་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧན་ཡུང་ཀང་དང་ལས་རོགས་ཚོར་ཉིན་གཅིག་ནང་ཐེངས་མང་འབྱོར་གྱི་ཡོད།
     ཁོངས་གཏོགས་ཁུལ་ནང་ཝུའུ་ཧན་ནས་ཡོང་བའི་མི་གྲངས་མཐིལ་རྟོགས་བྱ་ཆེད། ཧན་ཡུང་ཀང་གིས་ཁོངས་གཏོགས་ཁུལ་གྱི་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། ཏང་ཡོན་དང་བླངས་པ་བཅས་ལ་ལེབ་བཤེར་རྣམ་པའི་ཞིབ་བཤེར་བྱ་རྒྱུའི་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་གཙོ་གནད་མི་སྣ་རེ་རེ་བཞིན་ཐོ་འགོད་བྱས་པ་མ་ཟད། ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་བྱེད་པའི་ཁ་པར་ཡོངས་བསྒྲགས་བྱས་ནས་མཚོ་སྔོན་དུ་ཕྱིར་ལོག་བྱེད་མཁན་མི་སྣ་ཁྱིམ་དུ་ལོགས་སུ་འཇོག་པའི་སེམས་ཁྲལ་བསལ་བ་རེད།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་ཆེད། ཟི་ལིང་གྲོང་ཁྱེར་རིམ་ཁག་ཏང་རྩ་འཛུགས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ཞིང་། འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཉིན་མཚན་དབྱེར་མེད་ངང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། སྤྱི་བདེའི་འཐབ་ཕྱོགས་ཀྱིས་ཉིན་མཚན་དབྱེར་མེད་ངང་སྡོད་བྱ་བྱས་པ། ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་75དང་། གྲོང་ཚོ་912 སྡེ་ཁུལ་170བཅས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་གྲལ་བཤེར་དང་། ཐོ་འགོད། དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཁོངས་མིས་ཡུག་བགོས་འགན་གཙང་བླངས་ནས་ཏང་ཡོན་ལས་བྱེད་པའི་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་ལས་གནས་ཐོག་འཁྱོལ་བར་བྱས་པས“གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ”བཅས་རིམ་བཞིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་ཆགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ“ཁུག་གསང་སྟོང་གསུམ་མི་ལུས་པ”བྱས་ཡོད།
     འགག་རྩའི་དུས་སུ་གསར་བརྗེའི་སྡེ་ལས་ཀྱིས་ནུས་པ་བཏོན་པ།
     དཔྱིད་གསར་དུས་ཆེན་གྱི་ཚེས་གཉིས་ཉིན་གྱི་དགོང་མོ། ཧུའུ་ཐའེ་ཁུལ་ཆུང་དུ་སྡོད་པའི་ཨ་ཅག་ཀྲང་ལགས་ཀྱི་ཀ་ལའི་གཅུས་སྒོ་ནས་ཆུ་འཛག་པ་དང་། ཁང་པའི་ནང་ཆུ་འཁྱིལ་བའི་ཁར་བུ་ཕྲུག་འགྲམ་དུ་མེད་པས་ཁོང་ལ་སེམས་ཁྲལ་ཆེན་པོ་བཟོས།
     འུ་ཐུག་ཐབས་ཟད་འོག་ཁོང་གིས་གདོང་ལེན་དམངས་ཆེད་ཀྱི་སྡེ་ལས་ཞབས་ཞུར་ཁ་པར་བརྒྱབ་པ་དང་། སྐར་མ་5ཡང་མ་འགོར་བར་ཀུང་སིའི“གུང་ཁྲན་ཏང་ཡོན་དང་བླངས་པའི་ཉམས་བཟོ་རུ་ཁག”གི་ལས་དོན་པས་ལག་ཆ་ཁྱེར་ཏེ་སྒོ་རྩར་ཀ་ལ་བཟོ་བར་ཡོང་བས་ཆུ་ཚོད་ཕྱེད་ཀའི་ནང་གནད་དོན་ཐག་གཅོད་བྱས།
     གྲོང་ཁྱེར་དེས་ཏང་ཚོགས་ཆུང་དང་གུང་ཁྲན་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་སོགས་ཏང་རྩ་འཛུགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བཀོད་སྒྲིག་བྱས་པ་དང་། དྲིལ་བསྒྲགས་སྒྲོམ་དང་། སྒྲ་དུང་ཆུང་ངུ། སྐད་འཕྲིན་ཚོགས་པ་སོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་གསར་ཤོས་སྒྲོག་འགྲེལ་བྱས་པ། ཆུ་གློག་རླངས་ཉམས་བཟོ་དང་བདེ་སྲུང་སོགས་ལས་གནས་ཀྱི་ཏང་ཡོན་ལས་བཟོ་ལས་གྲུབ་པའི“གུང་ཁྲན་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག”བཙུགས་ནས་ཁུལ་ཆུང་གི་གྲོང་མིའི་སེམས་ཁྲལ་དང་དངངས་སྐྲག་སེལ་གང་ཐུབ་བྱས་པ་རེད།
     ཛ་དྲག་གི་དུས་སུ་གསར་བརྗེའི་གདོང་ལེན་པས་གདོང་མཆོང་བྱས་པ།
     “ང་ཏང་ཡོན་ཡིན་པས་དམག་འཐབ་ནང་ཞུགས་ཆོག་ པའི་རེ་འདུན་ཞུ་རྒྱུ་ཡིན”རིམས་ནད་ཐོན་མ་ཐག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཏང་ཡོན་སྨན་དོན་མི་སྣས་རང་འགུལ་ངང་འཐབ་ས་དང་པོའི་འགོ་ནད་ཚན་ཁག་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འགྲོ་རྒྱུའི་རེ་བ་ཞུས་ནས་བསྟུད་མར་ཉིན་8དང་ཆུ་ཚོད་200ཙམ་ལས་ཀ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཆེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།
     “གང་ནས་ཡོང་བ་ཡིན་ནམ། ཚ་བ་ལྟ་གི་ཡིན”སྟོང་སྐོར་རྫོང་གི་ཁུལ་ཆུང་ཚང་མའི་སྒོ་རྩ་དང་གྲོང་ཚོར་འཛུལ་སའི་ལམ་མདོ་ཚང་མར་ཏང་ཡོན་གྱིས་ཉིན་མཚན་དབྱེར་མེད་ངང་རིམས་ནད་ལ་ཞིབ་བཤེར་བྱེད་པའི་ས་ཚིགས་བཙུགས་ཡོད།
     གསེར་ཁོག་རྫོང་ཁྲེང་ཀོན་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པས“རྫོང་ཡོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གྲོས་འདོན་ཡི་གེའི”འབོད་སྐུལ་དང་ལེན་བྱས་ནས་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་དང་ཚོགས་ཆུང་བཙུགས་པ་དང་གྲོང་ཚོ་ཁག་ལ་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་68བཀལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་མང་ཚོགས་ལ་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པ་རེད།