འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎བོད་ཀྱིས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་བོད་ཀྱིས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད། ཉེས་གསོག་དོགས་ཅན་གཉིས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་31ཉིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གྲུ་སྒྲིག་ཤང་མངགས་གཏོང་ཁང་གིས་ཉེས་དོན་སྙན་སེང་ཞུས་པའི་ནང་གྲུ་སྒྲིག་ཤང་སྤང་ཆུང་རྫོང་མགོ་གྲོང་ཚོའི་གྲོང་མི་ཚེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་བརྒྱབ་པའི་དོགས་པ་ཡོད་པའི་སྐོར་འཁོད་ཡོད། གནས་ཚུལ་ཤེས་འཕྲལ་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གྱོད་གཞི་ཐོན་ཡུལ་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྒྲུབ་པར་བསྐྱོད་པ་དང་། ཉེས་གསོག་དོགས་ཅན་གཉིས་ཀྱི་ཁྱིམ་ནས་དབྱི་པགས་དང་རུས་སྒྲོམ་ཞིག་རྩད་ཆོད་པས་ཉེས་གསོག་དོགས་ཅན་གཉིས་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ལ་ཁྲིམས་བཞིན་འདྲི་རྩད་བྱེད་པར་འབོད།
     བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གིས་གསལ་འབྱེད་བྱས་རྗེས། སྲོག་ཆགས་ཀྱི་པགས་པ་དང་རུས་སྒྲོམ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དབྱི་ཡི་ཡིན་པ་ཤེས། ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོས་རང་ཁྱིམ་གྱི་ལུག་མགོ་གྲངས་10ལྷག་ཙམ་དབྱི་ཡིས་བསད་པས་ཁོ་པ་གཉིས་ཀྱིས་སྲོག་ཆགས་དེ་དབྱི་ཡིན་པ་ཤེས་བཞིན་དུ་རྒྱ་རྙི་བཟོས་ཏེ་དབྱི་ཞིག་རྔོན་བརྒྱབ་པ་དང་དེ་རྗེས་དབྱི་ཡི་པགས་པ་དང་རུས་སྒྲོམ་ཁ་ཕྲལ་རྗེས་ཁྱིམ་དུ་སྦས་པ་ཡིན་ཞེས་ངོས་ལེན་ཞུས།
     བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། བོད་ཀྱིས་སྤྱི་བདེ་པུའུ་ཡི《བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་བརྒྱབ་པ་སོགས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རབ་དང་རིམ་པར་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་སྟེ་འབྲེལ་ཡོད་ནད་དུག་མཆེད་པའི་འབྱུང་ཁུངས་མེད་པར་བཟོ་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་ཚོད་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་ཞེས་བརྗོད།