འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱལ་མཚམས་མེད། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག

—— རྒྱལ་ཁབ་མང་པོའི་སྲིད་གཞུང་གི་སྲིད་ཏང་མི་སྣས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་ཆར། ཕྱི་རྒྱལ་གྱི་སྲིད་གཞུང་གི་དཔོན་རིགས་དང་ཏང་སྲིད་འགོ་ཁྲིད་མི་སྣ་འགའ་ཞིག་གིས། ཏོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། དེས་ན། འཛམ་གླིང་རྒྱལ་ཁབ་ཁག་དང་ཀྲུང་གོ་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་དུས་སྐབས་ཀྱི་དཀའ་ངལ་མཉམ་དུ་ཁྱད་བསད་བྱས་ཚེ་རིམས་ནད་འགོག་རྒོལ་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་འབོད་སྐུལ་བྱས་པ་རེད།
     ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཉེ་ཆར་ཨུ་རུ་སུའི་ཕྱི་འབྲེལ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱ་སྐད་བརྒྱབ་ནས་ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྨོན་འདུན་ཞུས་པ་སྟེ། “དཀའ་ཚེགས་ཆེ་བའི་དུས་འདིར་ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་རིམས་ནད་ལ་ཁ་གཏད་བཅག་ཆོག ཨུ་རུ་སུས་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོའི་མི་དམངས་ལ་མཐའ་མའི་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཡང་ཞུས་པ”དེ་རེད།
     ཧན་གོའི་ཧྲོའར་གྲོང་ཁྱེར་གྱི་ཧྲི་ཀྲང་ཕུའུ་ཡོན་ཁྲུན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱལ་མཚམས་ཀྱི་དབྱེ་བ་མེད། ཉེན་ཁ་དང་དཀའ་ངལ་འཕྲད་སྐབས་གྲོགས་པོས་ཕྱར་བ་གྲུ་འདེགས་བྱ་རྒྱུ་ཡིན། 2015ལོར་ཧན་གོར་དབུས་ཤར་ས་ཁུལ་གྱི་དབུགས་ལམ་གྱི་ཕྱོགས་བསྡུས་ནད་རྟགས་ཐོན་ནས་ཧྲོའར་གྲོང་ཁྱེར་དུ་གནས་ཚུལ་ཚབས་ཆེན་པོ་བཟོས་ཡོད། སྐབས་དེར་པེ་ཅིང་གྲོང་ཁྱེར་གྱིས་ཚོགས་པ་མངགས་པ་མ་ཟད་དངོས་དངོས་རྗེན་རྗེན་གྱི་རོགས་སྐྱོར་ཡང་བྱས་ཡོད། ད་ཆ་ཀྲུང་གོའི་བདེ་འཇགས་ནི་ཧན་གོའི་བདེ་འཇགས་ཡིན་པས། ཧྲོའར་གྱི་མི་དམངས་ཚོས་ཀྲུང་གོ་མི་དམངས་དང་མཉམ་དུ་ལངས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བརྗོད།
    རྒྱ་གར་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལཱ་ཅཱ་ཡིས་ཡུལ་དུས་གང་དུའང་ཐོན་སྲིད་པའི་ནད་དུག་དེ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འཇིགས་སྣང་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཀྲུང་གོ་དང་ལག་གདང་ སྦྲེལ་ནས་མཉམ་ལས་བྱེད་དགོས་པ་དང་། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལས་འགན་འཁྲི་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་རིམས་ནད་འགོག་རྒོལ་བྱེད་པའི་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད། “ཀྲུང་གོ་མི་དམངས་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་སྐྱོབ་པ་དེ་ཀྲུང་གོའི་མི་དམངས་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་མི་དམངས་སྐྱོབ་པ་ཞིག་རེད”ཅེས་བརྗོད།
     ཨར་པ་ནི་ཡའི་སྤྱི་ཚོགས་ཏང་གི་གྲོས་མི་པུའུ་ཧྲ་ཏིས་དཀའ་ཚེགས་ཆེ་བའི་དུས་སུ་ང་ཚོས་གཞི་ནས་འཛམ་གླིང་ནི་ཇི་འདྲའི་འབྲེལ་བ་དམ་ཟབ་ཅིག་ཡིན་པ་ཤེས་རྟོགས་བྱུང་། འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པར་ང་ཚོས་ངེས་པར་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས། ད་ཆ་ནི“ང་ཚོས་ཝུའུ་ཧན་དང་མཉམ་དུ་རིམས་ནད་ལ་ཁ་གཏད་གཅོག་པའི་དུས་ཡིན”ཞེས་བརྗོད་ཆོག ཨར་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ནི་གང་ཞིག་གིས་ཀྱང་འགོག་ཐབས་བྲལ་ཞེས་བརྗོད།
     ཐེ་ལན་གྱི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཡུས་ཐ་སཱ་ཡིས་ཐེ་ལན་གྱི་རྒྱལ་སྒོ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་ཕྱེ་ཡོད། ཐེ་ལན་ཡུལ་སྐོར་སྡེ་ཚན་གྱིས་ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་ཡིད་ཆེས་ཆེན་པོ་ཡོད། རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཐེ་ལན་གྱིས་ཀྲུང་གོའི་ཡུལ་སྐོར་བར་དེ་བས་ལེགས་པའི་ཞབས་འདེགས་ཞུ་རྒྱུ་ཡིན། “ཀྲུང་གོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་བཞིན་ཡོད་པ་དང་། འཐབ་རྩོད་དེའི་རྒྱལ་ཁས་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ཕན་པ་ཐོབ་རྒྱུ་རེད། ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་ཐབས་ཇུས་བཏོན་ནས་ནུས་ཤུགས་ཡོད་རྒུས་ནད་དུག་འགོག་རྒོལ་དང་དུས་ཚོད་དམ་འཛིན་བྱེད་བཞིན་ཡོད་པས། རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད།
     ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཨོ་ཐུའོ·སུང་ནེན་ཧོའར་ཚེ་ནཱ་ཡིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་ཆེན་པོ་བྱས་པར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཨེ་ཁྭ་ཏོར་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ངག་ཐོག་གི་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པར་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཀྲུང་གོ་མི་དམངས་དང་དུས་སྐབས་ཀྱི་དཀའ་ངལ་མཉམ་དུ་ཁྱད་བསད་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།