འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཨ་ཧྥེ་རི་ཁས་ཏོག་གསར་གློ་ཚད་ཀྱི་རྐྱེན་པས་ཚོང་དོན་དང་
ཡུལ་སྐོར་ཐད་ཚོད་འཛིན་བྱ་རྒྱུ་མིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཡོད་ཧན·ཁེན་ཀེ་སུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་འགོར་བརྩི་སྲུང་ཞུས་ནས་ཚོང་དོན་དང་ཡུལ་སྐོར་ཐད་ཚོད་འཛིན་མི་བྱེད་པ་དང་རྒྱལ་སྒྲོལ་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་གི་མིན་ཞེས་བརྗོད་པ་རེད།
     ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཉིན་དེར་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་ཡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཁེན་ཀེ་སུང་གིས་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོར་འགྲོ་འོང་བྱེད་མཁན་རྒྱལ་ཁབ་དེའི་དུས་གཏན་གནམ་གྲུ་མུ་མཐུད་བཏང་བ་དེ་ནི་ཡང་དག་པའི་བྱེད་ཐབས་ཤིག་རེད། ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཀྱང་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སི་དང་མཉམ་ལས་དམ་ཟབ་བྱས་ཏེ་གནམ་ཐང་གི་ལྟ་ཞིབ་ཚད་ལེན་དང་ཚོད་ལྟ་ཁང་གི་འཐེན་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་སྲིད་པའི་རིམས་ནད་གང་རུང་ཞིག་མཆེད་རྒྱུ་བཀག་འགོག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
     ཁེན་ཀེ་སུང་གིས་ད་དུང་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱལ་ཁབ་ཁག་དང་འབྲེལ་བ་དམ་ཟབ་བྱེད་པ་དང་རྒྱལ་ཁབ་ཁག་གི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་རིམས་ནད་སྐོར་གྲོས་བསྡུར་བྱས་ཏེ་རིམས་ནད་ཐོན་རྒྱུར་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་འབྲེལ་ཡོད་གྲངས་གཞི་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།