འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎བལ་བོས་དཀར་མཛེས་ལ་ཁ་རས་ཁྲི་གཉིས་ཞལ་འདེབས་སུ་ཕུལ་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་ཕྱི་ཕྱོགས་གཞུང་དོན་ཁང་གིས་དཀར་མཛེས་ཁུལ་རྟའུ་རྫོང་དུ་ཉེ་དུས་ཏོག་གསར་གློ་ཚད་ཀྱི་སྙན་ཞུའི་ནད་དཔེ་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་ལ་དམིགས་ནས། བལ་བོའི་ཀྲུང་བལ་སྨྱན་སྦྱོར་མཐུན་ཚོགས་ལ་སྐུལ་ནས་དཀར་མཛེས་ཁུལ་ལ་འགོག་སྲུང་ཁ་རས་ཁྲི་2ཞལ་འདེབས་སུ་ཕུལ་ཏེ། རིམས་ནད་སྔོན་འགོག་གི་དངོས་ཟོག་དཀོན་ཞིང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། རིམས་ནད་སྔོན་འགོག་གི་འགག་རྩའི་དུས་སྐབས་ཀྱི་རྒྱལ་སྤྱིའི་ལས་སྟེགས་ཀྱི་ལེགས་ཆ་གང་ལེགས་འདོན་སྤེལ་བྱས་ཡོད་པ་རེད། 
     ཟླ་2ཚེས་14ཉིན་གྱི་ཐོ་རེངས་སུ་ཁག་དང་པོའི་ཁ་རས་ཁྲི་1ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དུ་དབོར་བ་དང་། དཀར་མཛེས་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས(ཕྱི་དོན་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་གཞུང་དོན་ཁང)ཀྱིས་དུས་ཐོག་ཏུ་རྩིས་ལེན་བྱས་པ་མ་ཟད། ཉིན་དེར་རྒྱལ་སྤྱིའི་རོགས་སྐྱོར་དངོས་ཟོག་དེ་དག་དར་རྩེ་མདོ་གྲོང་ཁྱེར་དུ་བསྐྱལ་ནས་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་རྩིས་སྤྲད་ཡོད་པ་དང་། ཁག་གཉིས་པའི་ཁ་རས་ཁྲི་1ཀྱང་ཡུན་རིང་མི་འགོར་བར་འབྱོར་རྒྱུ་ཡིན་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་བལ་བོ་ནི་རི་ཆུ་འབྲེལ་ཞིང་། ལོ་ངོ་སྟོང་གི་ཕྱི་འབྲེལ་ལོ་རྒྱུས་ལྡན་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། 2019ལོར། ཕྱི་འབྲེལ་པུས་ཁྲེང་ཏུའུ་གྲོང་ཁྱེར་དུ་བལ་བོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་འཛུགས་རྒྱུར་མོས་མཐུན་བྱས་པ་དང་། ད་ལོ་ནི་དཀར་མཛེས་ཁུལ་གྱིས་བལ་བོ་པོ་ཁ་ལ་གྲོང་ཁྱེར་དང་ཕྱི་ཕྱོགས་མཛའ་གྲོགས་གྲོང་ཁྱེར་གྱི་དྲན་ཐོར་མིང་རྟགས་བཀོད་པའི་ལོའང་ཡིན་ཞིང་། འདི་ནི་དཀར་མཛེས་ཁུལ་གྱིས་ད་བར་བཙུགས་པའི་རྒྱལ་སྤྱིའི“མཛའ་གྲོགས་གྲོང་ཁྱེར”གྱི་འབྲེལ་བ་ཐོག་མ་དེ་ཡིན་པ་དང་། མ་འོངས་པ་ལ་ཕྱོགས་གཉིས་པོར་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་སོགས་ཕྱོགས་མང་པོའི་ཐད་ནས་སྤེལ་རེས་མཉམ་ལས་བྱེད་པའི་གོ་སྐབས་ཡོད་པ་རེད།