མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅༎ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་
ཚོགས་འདུ་ཐེངས་ཞེ་བདུན་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ཞེ་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་ཟླ་2ཚེས་24ཉིན་པེ་ཅིང་དུ་འཚོག་རྒྱུ་གཏན་འཁེལ་བྱས་པ་རེད། 
     ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་གྲོས་འགོ་བཏོན་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱེད་པར་ཕུལ་བའི་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་མེད་པར་བཟོ་རྒྱུ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་ཏན་ཏིག་བྱ་རྒྱུ་བཅས་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་འཆར་ཟིན་གྱི་གྲོས་འགོ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱིར་སྣུར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་འཆར་ཟིན་གྱི་གྲོས་འགོ་ལ་གྲོས་ཞིབ་བྱ་རྒྱུ་དང་། གོ་གནས་བསྐོ་འཐེན་སྐོར་གྱི་གྲོས་འགོར་གྲོས་ཞིབ་བྱ་རྒྱུ་ཡིན། 
     ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2020ལོའི་ལོ་འཁོར་གྱི་འཐུས་མིའི་ལས་ཀའི་འཆར་གཞིའི་མ་ཟིན་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།  
     ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེན་དབྱང་ཀྲེན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སོགས་སྙན་སེང་ཞུས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་དྲུང་ཆེན་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་འབྲེལ་ཡོད་གྲོས་དོན་སོགས་སྙན་སེང་ཞུས་པ་རེད། 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད།

  
style="display:none;"