འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་ལ་བརྟེན་ནས་རིམས་འགོག་སྨན་བཅོས་ལས་དོན་སྤེལ་བཞིན་ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་ལ་བརྟེན་ནས་རིམས་འགོག་སྨན་བཅོས་ལས་དོན་སྤེལ་བཞིན་ཡོད།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་རེད། ཞིང་ཆེན་བོད་སྨན་ཁང་གི་བོད་ལུགས་གསོ་རིག་གི་སྨན་རམས་པ་པད་མ་རབ་བརྟན་གྱིས་བོད་ལུགས་གསོ་རིག་གི་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ངོ་སྤྲོད་བྱས་པ་རེད། 
     པད་མ་རབ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱུན་གཏན་གྱི་དུག་སེལ་ལས་དོན་གྱི་རྨང་གཞིའི་ཐོག ཤུག་པ་དང་བོད་སྨན་གྱི་བདུག་སྤོས་སོགས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་བྱ་ཐབས་སྤྱད་དེ་དུག་སེལ་བྱས་པ་རེད། རྨ་ལྷོ་ཁུལ་བོད་སྨན་ཁང་དང་། འབའ་རྫོང་བོད་སྨན་ཁང་། བྲག་དཀར་རྫོང་བོད་སྨན་ཁང་སོགས་གཞི་རིམ་བོད་སྨན་ཁང་གིས་དུས་ཐོག་ཏུ་རིམས་ནད་འགོག་པའི་ནག་པོ་དགུ་སྦྱོར་དང་། ལོ་གྱོན་རིལ་བུ། ནོར་བུ་བདུན་ཐང་སོགས་སྲོལ་རྒྱུན་གྱི་རིམས་ནད་འགོག་བཅོས་སྨན་རྫས་ཐོན་སྐྱེད་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་། སྨན་བཅོས་སྒྲིག་གཞི་ཁག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ། རིམས་འགོག་ཞིབ་བཤེར་ས་ཚིགས། ཁོར་ཡུག་གཙང་སྦྲ་བཟོ་མཁན་དང་ལས་གནས་ཐོག་ལས་སྒྲུབ་བྱེད་མཁན་སྤྱི་བདེ་དྲག་ཆས་ཉེན་རྟོག་བློ་མཐུན་བཅས་ལ་རིན་པ་མི་དགོས་པར་སྤྲད་པ་རེད། 
    ཞིང་ཆེན་བོད་སྨན་ཁང་གིས་བོད་ཡིག་པར་གཞིའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་རྒྱུན་ཤེས་གློག་རྡུལ་ལག་དེབ་དང་། བོད་རྒྱ་སྐད་གཉིས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་སྲུང་ཚན་རྩལ་ཁྱབ་གདལ་གྱི་འགུལ་རིས་སྨན་ཁང་གི་སྤྱི་སྟེགས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་ཞིབ་བཤེར་མོས་མཐུན་ཐོབ་པ་བརྒྱུད། མགོ་ལོག་ཁུལ་བོད་ལུགས་གསོ་རིག་སྨན་བཅོས་ཚོགས་པ་དང་ཁྲི་འདུ་རྫོང་བོད་སྨན་ཁང་སོགས་ཁུལ་དང་རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་རང་འགུལ་ངང་ཨམ་སྐད་དང་ཁམས་སྐད་ཐོག་ནས་རིམས་འགོག་སྤྱི་ཕན་དྲིལ་བསྒྲགས་ཀྱི་བརྙན་ཕབ་ནས་དྲ་ཐོག་ཏུ་བཏང་སྟེ། འཕྲལ་མར་གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཧ་གོ་བ་དང་སྤྱོད་ནུས་པའི་འགན་ལེན་བྱས་པ་རེད། 
    མཚོ་སྔོན་ཞིང་ཆེན་གྱི་གློ་ཚད་གསར་པར་ཀྲུང་ལུགས་(བོད་ལུགས)གསོ་རིག་ཟུང་འབྲེལ་གྱིས་སྐྱོབ་བཅོས་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཞིང་ཆེན་རིམ་པའི་རིགས་གཅིག་མཁས་པའི་ཚོགས་ཆུང་གི་བོད་ལུགས་གསོ་རིག་མཁས་པ་ཚོ་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་གཏན་འཁེལ་གྱི་ནད་དཔྱད་དང་སྐྱོབ་བཅོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ཡོད་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་བོད་སྨན་ཁང་དང་མཚོ་བྱང་ཁུལ་བོད་སྨན་ཁང་གི་བོད་ལུགས་གསོ་རིག་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་རང་འགུལ་ངང་རིམས་ནད་འགོག་བཅོས་ལས་དོན་ནང་ཞུགས་ནས་སྨན་ཁང་ནས་ཐོན་པའི་ནད་པར་བོད་སྨན་གྱིས་ཁམས་གསོ་བྱས་ཏེ། དྲག་སྐྱེད་ཡོང་རྒྱུར་རམ་འདེགས་བྱས་པ་རེད། 
༄༅༎མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་ལ་བརྟེན་ནས་རིམས་འགོག་སྨན་བཅོས་ལས་དོན་སྤེལ་བཞིན་ཡོད།