འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་18ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བྱ་ཐབས་ཆེན་པོ་བདུན་སྤྱད་ནས་རིམས་འགོག་
དམག་འཐབ་ཀྱི་འཐབ་ས་དང་པོའི་སྨན་དོན་མི་སྣར་འགན་ལེན་ནུས་ལྡན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིན་གྱིས། པུའུ་ཨུད་མང་པོ་ཞིག་གིས་བྱ་ཐབས་བཏོན་ནས་འཐབ་ས་དང་པོའི་སྨན་དོན་མི་སྣའི་ལས་ཀའི་ཆ་རྐྱེན་ལེགས་སུ་བཏང་ཞིང་། སྨན་དོན་མི་སྣའི་ལས་རིགས་ཕྱིར་འདོན་གྱི་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྨན་དོན་མི་སྣའི་ངལ་གསོའི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་རིམས་ནད་སྔོན་འགོག་ལས་དོན་པར་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་སྤྲོད་པ་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
     ཙེང་དབྱི་ཤིན་གྱིས་དེ་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གནས་ཚུལ་རྣམས་བརྗོད་པ་རེད།
     ཁོང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། རྒྱ་ཆེའི་སྨན་དོན་མི་སྣ་ཚོས་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མར་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འཐབ་བྱེད་བཞིན་ཡོད། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། མི་སྤྱི་པུའུ། ནོར་སྲིད་པུའུ་བཅས་ཀྱི《འཐབ་ས་དང་པོའི་སྨན་དོན་མི་སྣའི་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་དོ་ཁུར་ཏན་ཏིག་བྱེད་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》གི་བརྡ་ཐོ་བརྒྱུད་བསྐུར་བྱས་པ་མ་ཟད། བྱ་ཐབས་བདུན་བཏོན་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་བརྗོད་པ་རེད།
     བྱ་ཐབས་བདུན་གྱི་གྲས་སུ། སྨན་དོན་མི་སྣའི་ལས་ཀ་དང་ངལ་གསོའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ། སྨན་དོན་མི་སྣའི་ཐོབ་ཐང་དོན་འཁྱོལ་བྱ་རྒྱུ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། སྨན་དོན་མི་སྣར་མི་ཆོས་དོ་ཁུར་བྱེད་ཟབ་ཏུ་གཏོང་རྒྱུ། དེ་བས་བདེ་འཇགས་ལྡན་པའི་ལས་སྒྲུབ་ཁོར་ཡུག་གཏོད་རྒྱུ། ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་ཚུད་ཡོད།