འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་18ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་
འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཕྱིར་འགྱངས་བྱ་རྒྱུའི་
སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་47པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2པའི་ཟླ་སྨད་དུ་འཚོགས་རྒྱུ་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཕྱིར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད།
     ཨུ་ཡོན་ཀྲང་གི་ཚོགས་འདུས་གྲོས་རིམ་འདི་བཏོན་པར་བསམ་གཞིགས་ཅི་ཞིག་བྱེད་བཞིན་ཡོད་ཅེ་ན། དེའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་དོན་ཨུ་ལྷན་གྱི་མགྲིན་ཚབ་པ་ཙང་ཐེ་ཝུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་2019ལོའི་ཟླ་12ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་2020ལོའི་ཟླ་3ཚེས་5ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། གཏན་འབེབས་དེ་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་ཆེན་འཚོག་རྒྱུའི་ཆེད་གྲ་སྒྲིག་ལས་དོན་རབ་དང་རིམ་པ་བྱས་ཡོད།
     ཉེ་དུས་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་སོགས་སུ་ཏོག་གསར་གློ་ཚད་རིམས་ནད་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱེད་པ་དང་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད།
     མིག་སྔར་རིམས་ནད་མཆེད་རྒྱུ་བཀག་འགོག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ངེས་པར་དུ་སྟོབས་ཤུགས་གཅིག་སྡུད་དང་ནུས་ཤུགས་ཡོད་རྒུ་འདོན་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་ཡོད་ཅིང་། དེའི་ནང་གི་འཐུས་མི་མང་པོ་དང་འཐུས་མིའི་ཁྲོད་ཀྱི་གསུམ་ཆ་གཅིག་གི་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་དང་ཕྱོགས་ཁག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ཚུད་པ་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ནས་རང་སོ་སོའི་ལས་གནས་ཐོག་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་རེད། བློ་རྩེ་གཅིག་སྒྲིམ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་འགན་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་ཆེད། ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་དཔྱད་དཔོག་ནན་ཏན་བྱས་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་འོས་འཚམ་ངང་ནར་འགྱངས་བྱེད་པའི་དགོས་པ་ཡོད་པའི་ངོས་འཛིན་བྱས་པ་རེད།
     རང་རྒྱལ་གྱི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ལོ་རེར་ཐེངས་རེ་འཚོག་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱ་རྒྱུ་གཏན་འབེབས་བྱས་ཡོད། དེ་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་ཡོད། དེར་བརྟེན་ཚོགས་འདུ་འཚོག་རྒྱུ་ནར་འགྱངས་བྱེད་པར་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཏན་འབེབས་བྱེད་དགོས་ཀྱི་ཡོད་པ་རེད།
     གོང་གསལ་གྱི་བསམ་གཞིགས་ལ་གཞིགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ཕྱིར་འགྱངས་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་བཀོད་པ་རེད། ཚེས་17ཉིན་འཚོགས་པའི་ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་ཟླ་2ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་དེའི་ནང་གི་གྲོས་རིམ་གཅིག་ནི《རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ནར་འགྱངས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལ་བཟོ་བཅོས་ཧུར་ཐག་རྒྱག་རྒྱུའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།