འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་ཆབ་སྲིད་ཅུས་
རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་
ལས་དོན་ལ་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད》བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་17ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་པར་སྐྲུན་བྱས་པའི་འདི་ལོའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད》བཀོད་ཡོད་པ་རེད།
     གསུང་རྩོམ་ནང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་འབྲེལ་བ་ཡོད། ང་ཚོས་གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ལས་དོན་ཡག་པོ་བསྒྲུབ་པ་དང་ཆབས་ཅིག་དུས་ཚོད་དང་འགྲན་བསྡུར་དང་ནད་ཡམས་ལ་འཐབ་རྩོད་བྱས་ཏེ་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་ཡོད་པ་རེད།
     གསུང་རྩོམ་ནང་། སྤྱིའི་ཆ་ནས་བལྟས་ཚེ། ཏང་ཀྲུང་དབྱང་གིས་རིམས་ནད་མཆེད་ཚུལ་ལ་བརྡར་གཅོད་གནང་བ་ནི་ཡང་དག་པ་ཞིག་ཡིན་པ་དང་། ལས་དོན་ཁག་ལ་བཀོད་སྒྲིག་གནང་བ་ནི་དུས་ཐོག་ཡིན་པ། བྱེད་ཐབས་སྤྱད་པ་ནི་ནུས་ལྡན་ཡིན་པ་བཅས་རེད། ད་ཆ། ཆེས་འགག་རྩའི་གནད་དོན་ནི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱ་རྒྱུ་དེ་རེད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གཤམ་གསལ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་ཡོངས་དང་བསམ་ཇུས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཏེ་གང་གསུང་དེ་སྒྲུབ་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ཁོ་ནའི་གནད་དོན་མ་ཡིན་པར་ཕྱོགས་ཚང་མའི་ཐད་ཀྱི་ལས་དོན་ཞིག་དང་ཁྱོན་ཡོངས་ཀྱི་དམག་འཐབ་ཅིག་ཡིན་པས་ལས་དོན་ཁག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཉིས། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་ས་ཁུལ་གཙོ་བོའི་རིམས་ནད་ཚོད་འཛིན་ཐུབ་ཚེ། གཞི་རྩའི་ཆ་ནས་རྒྱལ་ཡོངས་ཀྱི་རིམས་ནད་མཆེད་པའི་རྣམ་པར་གང་མགྱོགས་འགྱུར་ལྡོག་གཏོང་ཐུབ། སྔོན་འགོག་དང་ཚོད་འཛིན་སྟོབས་ཤུགས་ཀྱི་ས་ཁོངས་སྤྱི་འདོམས་ལ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་ཐོན་ཁུངས་སྐྱོབ་བཅོས་དང་འགོག་སྲུང་བྱ་རྒྱུ་དེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་གཅིག་སྡུད་མཐའ་གཅིག་ཏུ་བྱས་ནས་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ནད་པ་སྐྱོབ་བཅོས་ཀྱི་དགོས་མཁོ་སྔོན་ལ་སྐོང་ཐུབ་པ་བྱེད་དགོས། ས་གནས་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལེབ་བཤེར་རྣམ་པའི་གྲལ་བཤེར་བྱེད་པ། དེ་བས་ནན་པ་དང་། དེ་བས་དམིགས་སའི་རང་བཞིན་ལྡན་པ། དེ་བས་སྤྱོད་གོ་ཆོད་པའི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱེད་དགོས། གསུམ། ནད་པ་སྨན་ཁང་དུ་ཉར་ཚད་དང་སྐྱོབ་བཅོས་བྱེད་ཚད་མང་དུ་གཏོང་བ་དང་འགོས་ཚད་དང་འཆི་ཚད་ཉུང་དུ་གཏོང་དགོས། དེ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མངོན་གསལ་དོད་པའི་ལས་འགན་ཞིག་རེད། བཞི། ཚན་ཞིབ་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཚན་རིག་དང་མཐུན་པའི་སྒོ་ནས་ནད་དུག་ཡོང་ཁུངས་རིགས་པས་ཁུངས་སྐྱེལ་བྱས་ཏེ་འགོ་ཁུངས་དང་འགོས་ལམ་གང་མགྱོགས་རྩད་ཆོད་མཐའ་གསལ་ཡོང་བ་བྱེད་པ་དང་ནད་དུག་ངོ་འགྱུར་གྱི་གནས་ཚུལ་ལ་རྗེས་སྙེགས་དམ་ཟབ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
     གསུང་རྩོམ་ནང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་པའི་འགན་ལེན་གལ་ཆེན་ཞིག་རེད། མིག་སྔར་གཤམ་གསལ་གྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག ནུས་ཤུགས་ཡོད་རྒུས་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། གཉིས། སྨན་བཅོས་སྐྱོབ་བཅོས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། གསུམ། སྤྱི་ཚོགས་ཁྱོན་ཡོངས་བདེ་འཇགས་བརྟན་ལྷིང་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས་པ། བཞི། རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
     གསུང་རྩོམ་ནང་། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབ་ནས་དྲ་ཐོག་དང་དྲ་འོག་དང་། རྒྱལ་ནང་དང་རྒྱལ་སྤྱི། དོན་ཆེན་དང་དོན་ཆུང་བཅས་སྤྱི་འདོམས་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་། མི་སེམས་དྲོ་བར་བྱེད་པ། དམངས་སེམས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་དགོས་པ་སྟེ། གཅིག སྲིད་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་གདེང་ཚོད་བརྟན་དུ་གཏོང་དགོས་པ་དང་། གཉིས། གཙོ་ཁྲིད་ལ་དམ་འཛིན་བྱས་ཏེ་དྲ་ཐོག་གི་དྲང་ནུས་ཆེ་རུ་གཏོང་དགོས་པ། གསུམ། རང་འགུལ་དབང་ཆ་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤུགས་རྐྱེན་ནུས་ལྡན་ཐེབས་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
     གསུང་རྩོམ་ནང་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་སྔར་བཞིན་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གནང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཚང་མར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ལས་འགན་དང་དམིགས་ཚད་ཁག་ཚང་མ་ལེགས་སྒྲུབ་བྱེད་དགོས། རིམས་ནད་ཚབས་ཧ་ཅང་ཆེ་བའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ས་ཁུལ་གཞན་དག་གིས་ཀྱང་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། ལྷག་དོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་དམག་འཐབ་དང་འབྲེལ་བ་ཡོད་པའི་ལས་འགན་གཙོ་བོར་དམ་འཛིན་ཡག་པོ་བྱས་ཏེ་དལ་ཙམ་དང་སྒུག་ཙམ་བྱེད་པའི་བསམ་པ་གཏན་ནས་མེད་པ་བྱེད་དགོས། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་རྙོག་འཛིང་ཆེ་ལ་དཀའ་ངལ་ཆེ་བའི་དུས་བབ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་སྟེ། གཅིག ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཉིས། རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པ་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ། གྲོང་མིའི་འཛད་སྤྱོད་བརྟན་པོ་ཡོང་བ་བྱེད་དགོས། བཞི། རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད། ད་ཐེངས་ཀྱི་རིམས་ནད་ནི་རང་རྒྱལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འཕྲད་པའི་ཚོད་བགམ་ཆེན་པོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཉམས་མྱོང་ཕྱོགས་སྡོམ་དང་བསླབ་བྱ་ལེན་དགོས། ད་ཐེངས་རིམས་ནད་ལ་ཁ་གཏད་གཅོག་རིང་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ཏེ་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཛ་དྲག་ལ་དཀའ་ཉེན་ཆེ་བའི་ལས་འགན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།