མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་པེ་ཅིང་ནུབ་ཚུཌ་སུ་ཕེབས་ཏེ་གོ་རིམ་ལྡན་པའི་འཚང་གཡོལ་ཕྱིར་ལོག་དང་ཏོག་གསར་གློ་ཚད་
སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་16ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་པེ་ཅིང་ནུབ་ཚུགས་སུ་ཕེབས་ཏེ་གོ་རིམ་ལྡན་པའི་འཚང་གཡོལ་ཕྱིར་ལོག་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་བཀོད་སྒྲིག་ལ་གཞིགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་ལ། ཐབས་མང་མཉམ་སྤྱོད་ཀྱིས་མི་སྣ་འཚང་གཡོལ་ཕྱིར་ལོག་ཐུབ་པ་དང་མི་སྣ་འཁོར་རྒྱུག་ལས་རིམས་ནད་མཆེད་སྲིད་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པར་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
     ལི་ཁེ་ཆང་པེ་ཅིང་ནུབ་ཚུགས་ཀྱི་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་རྒྱལ་ཡོངས་ལྕགས་ལམ་གྱི་འཚང་གཡོལ་བཀོད་གཏོང་སྒྲིག་འཛུགས་དང་མ་འོངས་འགྲུལ་རྒྱུན་གྱི་འཕེལ་ཕྱོགས་ལ་ཤེས་རྟོགས་གནང་བ་རེད། འགན་འཁུར་བས་དུས་འགོར་རྒྱལ་ཁབ་ཀྱི་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་རིང་དུ་བཏང་བ་དང་། སྟབས་བསྟུན་གྱིས་ལས་འགོ་བསྐྱར་འཛུགས་དང་འཚང་གཡོལ་ཕྱིར་སྐྱོད་སོགས་ཀྱི་བྱེད་ཐབས་ལག་བསྟར་གནས་ཚུལ་སྙན་སེང་ཞུས་པ་དང་། ལྕགས་ལམ་ཁོངས་གཏོགས་ཀྱིས་ཀྱང་བྱེད་ཐབས་རབ་དང་རིམ་པ་ཞིབ་ཚགས་སུ་བཏང་ནས་དུས་ཆེན་གྱི་རྗེས་སུ་མི་རྒྱུན་གཞི་ཁྱོན་ཆེན་པོས་གཅིག་སྡུད་ཕྱིར་སྐྱོད་སྔོན་འགོག་བྱས་པ་མ་ཟད། མི་རྒྱུན་དང་ཟོག་སྐྱེལ་ཤར་གཏོང་ཐུབ་པའི་འགན་ལེན་ཡང་བྱས་ཡོད། སྤ་སེ་མངགས་ཉོ་དང་མི་སྣ་འཁོར་རྒྱུག་གི་གྲངས་གཞི་ཆེ་མོའི་དབྱེ་ཞིབ་ལ་བལྟས་ན། འདི་ལོ་སྔ་ལོ་ལྟར་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་ལོག་བྱེད་མཁན་མང་བའི་དུས་ཐོན་མི་སྲིད། དེ་གར་ཡོད་པའི་འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱི་འགན་འཁུར་བས་ཀྱང་། གཞུང་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་གནས་ཚུལ་ཡང་དེ་འདྲ་རེད་ཅེས་བརྗོད་པ་དང་། ཚང་མས་འགྲིལ་འགྲུལ་འཚང་གཡོལ་བྱེད་ཐབས་སྤྱད་པ་དེས་མི་སྣ་མང་པོ་ཕྱིར་སྐྱོད་པ་ལས་རིམས་ནད་འཁོར་སྦྲེལ་རྣམ་པས་མཆེད་སྲིད་པའི་ཉེན་ཁ་བཀག་འགོག་ནུས་ལྡན་ཐུབ་པ་ཡོངས་ཁྱབ་ངང་ངོས་འཛིན་བྱས་པ་རེད། ལི་ཁེ་ཆང་གིས་ཁྱེད་ཚོས་ཕྱོགས་གཉིས་ནས་དམ་འཛིན་ཐུབ་ཡོད་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱོགས་གཞན་ཞིག་ནས་ཤར་གཏོང་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ད་དུང་འགག་རྩའི་དུས་མཚམས་སུ་གནས་པ་དང་ཆབས་ཅིག ས་གནས་མང་པོར་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད། འགྲུལ་རྒྱུན་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ལུགས་མཐུན་གྱིས་སྤ་སེ་འཚོང་བ་དང་ཆབས་ཅིག འཇིབ་ཆུང་ཚུད་པའི་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་སྐྱེལ་རླངས་འཁོར་སོགས་རླངས་འཁོར་ཚང་མར་རིན་བསྡུའི་གཞུང་ལམ་གྱི་ཤར་གཏོང་གྲོན་དངུལ་གནས་སྐབས་བསྡུ་མཚམས་འཇོག་པའི་སྲིད་ཇུས་གང་མགྱོགས་འདོན་དགོས་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལའང་དམ་འཛིན་བྱེད་དགོས། འདི་འདྲ་བྱས་ཚེ་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གལ་ཆེན་དང་འཚོ་བའི་མཁོ་ཆས་ཀྱི་སྐྱེལ་འདྲེན་ཤར་གཏོང་དེ་བས་འགན་ལེན་བྱེད་ཐུབ་པ་དང་། ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་ཐུབ་པ་མ་ཟད། འགྲིམ་འགྲུལ་སྔོན་དཔག་ལ་མུ་མཐུད་ཁྲིད་སྟོན་ཐུབ་སྟེ་མི་སྣ་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་དང་ལུགས་མཐུན་ཕྱིར་སྐྱོད་ཐུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་པ་དང་ཆབས་ཅིག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་པ་རེད།

  
style="display:none;"