མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏིར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་15ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏིར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཙུང་ལི་སྐུ་ཞབས་ཁྱེད་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད། མིག་སྔར་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་པའི་འགག་རྩའི་དུས་སུ་ཙུང་ལི་སྐུ་ཞབས་ཁྱེད་ཀྱིས་ངེད་ལ་ཁ་པར་རྒྱག་རྒྱུའི་གྲོས་འགོ་བཏོན་གནང་བ་དེ་ཐོག་ནས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོར་བརྩེ་སེམས་འཆང་བ་དང་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད། ཀྲུང་མའི་རྒྱུན་གཏན་གྱི་མི་སྣ་འགྲོ་འོང་ལ་གནས་སྐབས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་སྲིད་མོད། འོན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོར་གཡོ་འགུལ་ཐེབས་མི་སྲིད། ཀྲུང་མ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ཏེ་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཆབས་ཅིག རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བ་བཏོད་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་གཏོད་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། རིམས་ནད་ཐོན་ཚུན། ཀྲུང་གོ་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་རྡོག་རྩ་གཅིག་སྒྲིལ་བྱས་ཤིང་། ཁྱོན་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། རིམས་ནད་ཕོག་ནས་ཤི་ཚད་གྲངས་ཀ་དམའ་པོ་ཞིག་ཏུ་རྒྱུན་འཁྱོངས་ཐུབ་པ། སྨན་བཅོས་བྱེད་སྟངས་ལ་རྒྱུན་མི་ཆད་པར་ཚད་བརྒལ་བྱུང་བ། དྲག་སྐྱེད་བྱུང་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན། ང་ཚོས་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་པ་དང་ཆབས་ཅིག ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་རྒྱུན་འཁྱོངས་བྱས་ནས་འདི་ལོའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཧུར་ཐག་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ལ་སྒྲུབ་ཐུབ་ངེས་ཀྱང་རེད། དུས་མཚུངས་སུ་ང་ཚོས་ཕུགས་ཡུན་གྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་མུ་མཐུད་བསྐྱོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཆེད་བྱེད་ཐབས་ནུས་ལྡན་སྤྱད་པ་ནི་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་ཐང་ལ་འགན་འཁུར་བ་ཞིག་ཡིན་ལ་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་བ་ཞིག་ཀྱང་ཡིན། དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཁས་ལེན་གང་ལེགས་ཐོབ་ཡོད། ང་ཚོས་མུ་མཐུད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དང་ལྷག་པར་དུ་མ་ལེ་ཞི་ཡ་སོགས་མཐའ་འཁོར་གྱི་མཛའ་གྲོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་དམངས་ཁྲོད་བར་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཀྲུང་གོ་ཕྱོགས་ལ་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུའི་རོགས་རམ་གང་ཐུབ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ནི་ས་ཁུལ་རྒྱལ་ཁབ་ཀྱིས་ལྟ་རེས་སྐྱོང་རེས་བྱེད་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད། ང་ཚོས་མུ་མཐུད་གཞུང་དྲང་དང་ཁ་གསལ་གྱི་རྣམ་འགྱུར་འཛིན་ཏེ། མ་ལེ་ཞི་ཡ་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་མ་ཟད། ང་ཚོས་ད་དུང་རང་རེའི་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལྟ་སྐྱོང་བྱེད་པ་བཞིན་མ་ལེ་ཞི་ཡ་དང་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མི་སྣ་གཞན་དག་ལ་ཡང་ལྟ་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
     མཱ་ཧ་ཏིར་གྱིས་མ་ལེ་ཞི་ཡ་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཏོག་གསར་གློ་ཚད་ཀྱི་ཆག་སྒོ་བྱུང་བར་སེམས་གསོ་འཚམས་འདྲི་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་ཕན་འབྲས་ཡག་པོ་ཐོབ་པར་མ་ལེ་ཞི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་སྦྲགས། དེ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་གྲོགས་པོ་བློས་ཐུབ་ཅིག་ཡིན་པའི་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་རྫས་ཁག་གཅིག་མཁོ་འདོན་བྱ་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་ལ་མུ་མཐུད་རོགས་རམ་བྱེད་འདོད་ཀྱང་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མཉམ་ལས་བྱེད་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་དང་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། ཀྲུང་གོ་འཕེལ་རྒྱས་འགྲོ་ཚུལ་སླར་གསོ་ཡང་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་མ་ལེ་ཞི་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མུ་མཐུད་དངོས་སྒྲུབ་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"