མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་15ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     རིམ་དབྱེ་རིགས་དབྱེའི་སྒོ་ནས་སྔར་བས་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་། ནད་བརྟག་སྨན་བཅོས་ལེགས་གཏོང་དང་སྨན་རྫས་ཀྱི་འགག་སྒྲོལ་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་འགོག་བཅོས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། གཙོ་གནད་འབུར་དུ་ཐོན་པ་དང་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། རིགས་དབྱེ་མཛུབ་ཁྲིད་དང་ཁུལ་དབྱེ་ཇུས་འདོན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་དེ་མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ལ་བརྩི་དགོས་ཤིང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལོགས་སུ་འཇོག་པའི་ནད་ཁྲི་མཁོ་སྤྲོད་མང་དུ་གང་མགྱོགས་གཏོང་བ་དང་། “མི་སྣ་རིགས་བཞིར”རིགས་དབྱེ་དང་གཅིག་སྡུད་བྱས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཉར་བའམ་ལོགས་སུ་འཇོག་ཇེ་མགྱོགས་སུ་བཏང་ནས། སྐྱོབ་བཅོས་སྒྲིག་ཆས་དང་འགོག་སྲུང་མཁོ་ཆས་ཚབས་ཆེའི་ནད་དཔེར་སྨན་བཅོས་བྱེད་པར་གཅིག་སྡུད་ཐུབ་པའི་འགན་ལེན་བྱེད་པ་དང་། སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་བ་དང་སྨན་བཅོས་བྱེད་དགོས་རིགས་ཚང་མར་སྨན་བཅོས་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། ཤའོ་ཀན་དང་ཧོང་ཀང་སོགས་ནད་དཔེ་མང་བའི་ས་ཁུལ་གྱིས་ཝུའུ་ཧན་གྲོང་ཁྱེར་དང་གཅིག་མཚུངས་ཀྱི་གྲལ་བཤེར་དང་། ལོགས་སུ་འཇོག་པ། སྨན་བཅོས་སྐྱོབ་བཅོས་སོགས་བྱ་ཐབས་འཕྲལ་དུ་སྤྱོད་དགོས། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་གིས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་དོན་མི་སྣའི་དགོས་མཁོ་འཕར་མ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། ཞིང་ཆེན་19ཡི་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་ལ་སྨན་དོན་པ་ཁ་གསབ་འོས་འཚམ་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་དང་ཧུའུ་པེ་ནས་ཁ་བྲལ་བའི་བགྲོད་ལམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ནང་ནས་ཕྱིར་མཆེད་རྒྱུ་འགོག་པ་དང་ཕྱི་ནས་ནང་དུ་ཁྱབ་རྒྱུ་འགོག་པའི་ཁོངས་གཏོགས་འགན་འཁྲི་ནན་དུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། འཚང་གཡོལ་སོགས་བྱ་ཐབས་བརྒྱུད་མི་སྣ་འཁོར་རྒྱུག་ལ་ཚོད་འཛིན་ནུས་ལྡན་བྱས་པས། ད་ལོ་སྔ་ལོ་ནང་བཞིན་ཕྱིར་ལོག་པའི་མི་ཚོགས་མཐུག་པོ་ཐོན་མི་སྲིད། ས་ཁུལ་ཁག་གིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་གཤམ་སྒྱུར་གྱིས“གྲངས་གཞི་ཆེ་མོ་དང་དྲ་མིག་ཅན”ཟུང་དུ་འབྲེལ་བ་སོགས་བྱ་ཐབས་སྤྱད་དེ་འབྲེལ་འདྲིས་ཟབ་མོ་ཡོད་མཁན་དང་ཉེན་ཁ་ཡོད་པའི་མི་སྣ་འཚོལ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་ནས། སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྒྲུབ་དགོས། ཞིང་ཆེན་ཁག་གིས་འགན་འཁུར་ནས་རང་ཞིང་ཆེན་གྱི་གྲོང་ཁྱེར་ཁག་དང་ལྷག་པར་དུ། རྫོང་གིས་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་རིགས་དབྱེ་ལུགས་མཐུན་བྱེད་པ་དང་། གནད་ལ་འཁེལ་བའི་ཁྱད་པར་ཅན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་བཟོ་བ། རིམས་ནད་ཀྱི་གནས་ཚུལ་ལ་བལྟས་ནས་རྒྱུན་གཏན་གྱི་འཚོ་བ་དང་ཐོན་སྐྱེད་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། “བརྒྱ་ཁ་གཅིག་གཅོད”མི་བྱེད་པར་དུས་ཐོག་ཏུ་ཡོ་འཁྱོག་ཤོར་བ་དང་ཐལ་ཆ་ཆེ་བའི་བྱེད་སྟངས་ཡོ་བསྲང་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ནུས་ལྡན་གྱི་སྨན་རྫས་དང་སྐྱོབ་བཅོས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་འགག་རྩའི་ལྷུ་ཚིགས་ཡིན་ཞིང་། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྐྱོབ་བཅོས་བྱེད་དགོས་པ་མ་ཟད། རྒྱལ་ཡོངས་ནད་བརྟག་སྨན་བཅོས་མཉམ་ལས་དྲ་བ་དང་ནད་དཔེའི་མཛོད་འཛུགས་པ་དང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་དུས་ཐོག་ཏུ་མིག་སྔའི་དྲག་སྐྱེད་བྱུང་བའི་ནད་དཔེ་6000ཙམ་ལ་དབྱེ་ཞིབ་ཕྱོགས་སྡོམ་བྱས་ནས། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ཚབས་ཆེའི་ནད་པ་དང་ཉེན་ཚབས་ཆེ་བའི་ནད་པར་དབུགས་རྔུབ་གཏོང་རྒྱབ་སྐྱོར་དང་འཁོར་རྒྱུག་རྒྱབ་སྐྱོར་སོགས་སྨན་བཅོས་བྱ་ཐབས་སྔར་བས་སྤྱོད་པ་དང་སྦྲགས། འབྲེལ་ཡོད་ནད་གཞི་ཐོན་རྒྱུར་བཀག་འགོག་ཧུར་ཐག་བྱེད་པ་དང་། ནད་ཚབས་ཆུང་བ་ནད་ཚབས་ལྕི་པོར་འགྱུར་རྒྱུ་འགོག་པར་ཕན་ཐོགས་པའི་སྨན་རྫས་དང་སྨན་བཅོས་བྱ་ཐབས་འཚོལ་ཞིབ་དང་ཁྱབ་གདལ་གང་མགྱོགས་གཏོང་དགོས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་གསོ་རིག་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་གཏིང་ཟབ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས། དུས་ཐོག་ཏུ་ནུས་ལྡན་གྱི་སྨན་ཐོ་དང་ཀྲུང་ལུགས་སྨན་རྫས་ཁྱབ་གདལ་གཏོང་དགོས། སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་མགྱོགས་སུ་གཏོང་བ་དང་། ནུས་ལྡན་སྨན་དུས་ཚོད་དམ་འཛིན་གྱིས་སྐྱོབ་བཅོས་ཀྱི་འཐབ་ས་དང་པོར་སྤྱད་དེ། དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་འཆི་ཚད་དམའ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཤུགས་དང་མི་ཤུགས་ཀྱི་འགན་སྲུང་ལ་མུ་མཐུད་མཐུན་སྦྱོར་ཡག་པོ་དང་། ས་ཁུལ་ཁག་གིས་རིམ་དབྱེ་ཁུལ་དབྱེའི་སྔོན་འགོག་ཚོད་འཛིན་ལ་ཁྲིད་སྟོན། མངོན་གསལ་དོད་པའི་གནད་དོན་སེལ་རོགས་བཅས་བྱས་ཏེ། དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འགན་འཁྲི་འཁུར་ཕོད་པའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་དངོས་འབྲེལ་དང་ཞིབ་ཕྲ་བྱེད་པ་དང་དོན་འཁྱོལ་ལའང་དམ་འཛིན་ཏན་ཏིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས།
     འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞོའེ་ཞང་དང་། ཧོང་ཁུན་མིན། ཚའེ་ཆི། ཤའོ་ཅའེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས་པ་རེད།

  
style="display:none;"