འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་16ཉིན།

༄༅༎མཚོ་སྔོན་ནས་ཧོ་ནན་བར་གྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་ཀན་སུའུ་དུམ་བུ་
གོ་རིམ་ལྡན་པའི་ངང་བསྐྱར་དུ་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་15ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཁྱོན་མ་དངུལ་སྒོར་དུང་ཕྱུར་226བཏང་བའི་རྒྱལ་ཁབ་གློག་དྲའི±ཆན་ཧྥུའུ་800ཡི་མཚོ་སྔོན་ནས་ཧོ་ནན་བར་གྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་ཀན་སུའུ་དུམ་བུ་དང་པོ་ཉེ་ཆར་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་པ་དང་། ཚེས་11ཉིན་བསྐྱར་དུ་ལས་འགོ་ཚུགས་པ་རེད། དེ་ཡང་རྒྱལ་ཁབ་གློག་དྲས་ཆེས་མཐོ་གནོན་གྱི་ལས་གྲྭ་སྐྲུན་པར་སྔོན་ལ་གོ་རིམ་ལྡན་པའི་ངང་བསྐྱར་དུ་ལས་འགོ་ཚུགས་པའི་ལས་གྲྭ་ཞིག་ཡིན་པས། གོང་འོག་ཁེ་ལས་ལས་འགོ་ཚུགས་ནས་ཐོན་སྐྱེད་བྱེད་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་རྒྱུ་རེད།
     ཟླ་2ཚེས་11ཉིན། ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་གི་ཨར་ལས་བྱ་ཡུལ་དུ་ལས་འགོ་བསྐྱར་འཛུགས་ཀྱི་སྐུལ་སློང་བྱས་པ་དང་ཆབས་ཅིག མི་སྣ་སྒྲིག་འཛུགས་བྱས་ཏེ་དེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་དང་། འགོག་སྲུང་བྱ་ཐབས་ནན་པོའི་འོག་ཨར་ལས་མི་སྣས་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་ཡོད་པ་རེད།
     མཚོ་སྔོན་དང་ཧོ་ནན་གྱི་ལས་གྲྭ་དེ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མཚོ་ལྷོ་གློག་སྒྱུར་ས་ཚིགས་ནས་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏན་གྲོང་ཁྱེར་ཀྲུའུ་མ་ཏན་གློག་སྒྱུར་ས་ཚིགས་བར་ཡིན་ཞིང་། ལམ་བར་དུ་མཚོ་སྔོན་དང་། ཀན་སུའུ། ཧྲའན་ཤིས། ཧོ་ནན་བཅས་ཞིང་ཆེན་བཞི་བརྒྱུད་དགོས་པ་དང་། གློག་སྐྱེལ་བར་ཐག་སྤྱི་ལེ་1587ཟིན་པ་དང་། འདི་ལོ་བསྐྲུན་ནས་སྤྱོད་འགོ་ཚུགས་རྒྱུ་རེད། སྤྱོད་འགོ་ཚུགས་རྗེས། ལོ་ལྟར་ཧོ་ནན་ལ་གློག་ཤུགས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་400གཏོང་རྒྱུ་དང་། དེ་ནུབ་བྱང་གི་བསྐྱར་དུ་སྐྱེས་ཆོག་པའི་ནུས་རྒྱུ་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭའི་དབུས་རྒྱུད་ས་ཁུལ་གྱི་གློག་གི་དགོས་མཁོ་སྐོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།