འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎ཝུའུ་ཧན་ལ་དམག་དཔུང་གི་སྨན་དོན་མི་སྣ་2600ཁ་སྣོན་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། དམག་དཔུང་གིས་སྨན་དོན་མི་སྣ་2600ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་རོགས་སྐྱོར་ལ་མངགས་ཤིང་། ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་གི་འཁོར་སྐྱོད་བྱེད་སྟངས་དཔྱད་གཞིར་བཟུང་ནས་ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་དང་ཧུའུ་པེ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་ཀོང་ཀུའུ་སྨན་ཁུལ་གྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་པའི་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་འགན་འཁུར་བ་རེད། 
     ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་གིས་ཉལ་ཁྲི་860སྒྲིག་སྦྱོར་བྱེད་རྩིས་ཡོད་པ་དང་། ཧུའུ་པེ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ཀོང་ཀུའུ་ཁུལ་གྱིས་ཉལ་ཁྲི་700སྒྲིག་སྦྱོར་བྱེད་རྩིས་ཡོད་པ་རེད། སྨན་ཁང་གཉིས་ཀར་ནད་ཐོག་སྨན་བཅོས་ཀྱི་ནད་ཁུལ་བཙུགས་ནས་འགོས་ནད་ཚོད་འཛིན་དང་། ཞིབ་བཤེར། དམིགས་བསལ་སྨན་བཅོས། འགྱེད་འཕྲོའི་བརྟག་དཔྱད། སྨན་ཆས། དུག་སེལ་མཁོ་འདོན། ཆ་འཕྲིན། གསོ་རིག་ལས་གྲྭ་སོགས་གཞོགས་འདེགས་ཚན་ཁག་བཙུགས་ཡོད། 
     ད་ཐེངས་བཏང་བའི་སྨན་བཅོས་སྟོབས་ཤུགས་ནི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་སྨན་བཅོས་ཚན་པ་ཡིན་པ་རེད། སྨན་ཁང་གི་ཤོང་ཚད་དང་འཛུགས་སྐྲུན་འཕེལ་རིམ་ལ་གཞིགས་ན། དམག་དཔུང་གི་སྨན་དོན་མི་སྣས་ཁག་དབྱེ་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ཏེ། སྟོབས་ཤུགས་ཁག་དང་པོའི་མི་1400ཟླ་2ཚེས་13ཉིན་ཝུའུ་ཧན་དུ་འབྱོར་རྒྱུ་ཡིན་པ་དང་འབྲེལ་འཕྲལ་དུ་འབྲེལ་ཡོད་སྨན་བཅོས་སྲོག་སྐྱོབ་ལས་དོན་སྤེལ་རྩིས་ཡོད་པ་རེད། 
     མིག་སྔའི་བར་དམག་དཔུང་གིས་ཁྱོན་སྨན་དོན་མི་སྣ་ཁག་གསུམ་དང་མི་གྲངས་4000ལྷག་ཙམ་ཝུའུ་ཧན་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་རོགས་སྐྱོར་བྱེད་པར་མངགས་ཡོད།