མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལ་
དབྱེ་ཞིབ་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་བ། ཀྲུང་གུང་
ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་སྲིད་ཇུས་མཐུན་སྦྱོར་དང་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ། རྒྱ་ཆེའི་སྨན་དོན་མི་སྣས་སྔོན་ལ་གདོང་མཆོང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རིམས་ནད་ཀྱི་གནས་ཚུལ་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལའང་ཕན་འབྲས་ཡག་པོ་ཐོན་ཡོད། དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་ཕྱོགས་ཁག་ཚང་མས་དེའི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཟླ་2ཚེས་12ཉིན་ཚོགས་འདུ་འཚོགས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་སེང་གསན་པ་དང་། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་སྲིད་ཇུས་མཐུན་སྦྱོར་དང་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ། རྒྱ་ཆེའི་སྨན་དོན་མི་སྣས་སྔོན་ལ་གདོང་མཆོང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རིམས་ནད་ཀྱི་གནས་ཚུལ་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལའང་ཕན་འབྲས་ཡག་པོ་ཐོན་ཡོད། དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་ཕྱོགས་ཁག་ཚང་མས་དེའི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཡག་པོ་སྒྲུབ་པ་དང་། རིམས་ནད་ཐོན་ཚབས་ཆེ་ཁུལ་དང་ཉེན་ཁ་ཅུང་ཆེ་བའི་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ལྷག་པར་དུ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཙོ་གནད་མངོན་གསལ་དོད་པོ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་ཁྲིད། ཁུལ་དབྱེ་ཇུས་བསྟར་བཅས་ཀྱི་སྒོ་ནས་ལས་དོན་ཁག་དམ་འཛིན་ཡག་པོ་དང་། དམ་འཛིན་ཚགས་ཚུད། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བ་ཧུར་ཐག་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་གནང་དོན། སྨན་ཁང་དུ་ཉར་ཚད་དང་དྲག་སྐྱེད་ཐུབ་ཚད་མཐོ་རུ་གཏོང་བ་དང་རིམས་ནད་འགོས་ཚད་དང་འཆི་ཚད་ཉུང་དུ་གཏོང་རྒྱུར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་དགོས། སྨན་ཁང་དུ་ཉར་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཚ་རྒྱས་ནད་པ་ཐོན་མང་བའི་གྲོང་ཁྱེར་གྱིས་གནས་གཏན་འཁེལ་གྱི་སྨན་ཁང་དང་། སྨན་བཅོས་ནད་ཁྲི། ལོགས་འཇོག་ས་ཚིགས་བཅས་དུས་ཚོད་དམ་འཛིན་ངང་མང་དུ་གཏོང་བ། དོགས་ཡོད་ནད་པར་ཞིབ་དཔྱད་ཚད་ལེན་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་བ་དང་སྨན་བཅོས་བྱེད་ཐུབ་རིགས་ཚང་མ་སྨན་བཅོས་བྱས་ཏེ་སྨན་ཁང་དུ་ནད་པ་ཉར་བ་དང་སྨན་བཅོས་བྱེད་ཚད་གོང་མཐོར་གཏོང་དགོས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ནད་ཡམས་མཆེད་ལམ་འགོག་པ་དང་ནད་གཞི་འགོ་ཚད་དམའ་རུ་གཏོང་དགོས། ནད་པ་དང་ལྷག་པར་དུ་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་ཀྱི་ཆུ་ཚད་གོང་མཐོར་གཏོང་བ་དང་། ལེགས་ཆ་ལྡན་པའི་སྨན་བཅོས་ཀྱི་ཐོན་ཁུངས་དང་ལག་རྩལ་གྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ནད་པ་སྐྱོབ་བཅོས་བྱེད་པ་དང་། སྤྱོད་གོ་ཆོད་པའི་སྨན་བཅོས་ཀྱི་ཇུས་གཞིར་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། སྨན་རྫས་དང་རིམས་འགོག་སྨན་ཁབ་ཀྱི་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། ནད་ཁྲི་དང་སྨན་དོན་མི་སྣ་སོགས་སྨན་བཅོས་ཐོན་ཁུངས་ཁ་ཐང་བའི་གནད་དོན་གཙོ་གནད་ཐག་གཅོད་བྱེད་པ་མ་ཟད། གནས་གཏན་འཁེལ་གྱི་སྨན་ཁང་སྒྱུར་བཀོད་དང་རྒྱ་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་གཞི་ལྕི་བའི་ནད་ཁྲི་མཁོ་སྤྲོད་མང་དུ་གཏོང་བ། སྨན་ཁང་དུ་ཉར་བཅོས་དང་། དེ་བཞིན་སྨན་ཁང་གཞན་དུ་བརྟག་དཔྱད་བྱེད་པར་སྐྱོད་པའི་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་ཀྱིས་རིམས་ནད་འགོས་པའི་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས། ཞིང་ཆེན་19ཡིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་པ་ཕུད་ས་ཁུལ་དང་གྲོང་ཁྱེར་གྱིས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། དོན་འཁྱོལ་ཚགས་ཚུད་དང་ཏན་ཏིག་བྱེད་དགོས། མི་འབོར་འགྲོ་འོང་མང་བའི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་གིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཕྱིར་ལོག་མཁན་མི་སྣའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་ཡོ་བྱད་དང་བབས་ཚུགས་སུ་དུག་སེལ་དང་རླུང་འགྲོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྨན་བཅོས་དངོས་ཟོག་སོགས་ཀྱི་མཁོ་འདོན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁ་རས་དང་སྨན་སྤྱོད་འགོག་སྲུང་གྱོན་གོས་ཐོན་སྐྱེད་ཁེ་ལས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་དང་། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། མཐུན་རྐྱེན་ཡོད་པའི་ཁེ་ལས་ལ་ཐོན་ནུས་རྒྱ་སྐྱེད་དམ་ཐོན་སྐྱེད་གཞན་སྒྱུར་གྱི་ལྕག་སྐུལ་གཏོང་བ། ལས་བཟོ་ཉུང་བ་དང་། སྒྲིག་ཆས་ཉུང་བ། མ་བཅོས་རྒྱུ་ཆ་ཉུང་བ། མ་དངུལ་ཁ་ཐང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། དངོས་ཟོག་ཁ་ཐང་བ་རྣམས་གཅིག་གྱུར་བཀོད་གཏོང་དང་། གཙོ་གནད་ས་ཁུལ་གྱི་དགོས་མཁོ་སྔོན་ལ་འགན་ལེན་བྱེད་དགོས། དེ་དང་ཕྱོགས་མཚུངས་འཚོ་བའི་མཁོ་ཆས་ཐོན་སྐྱེད་འདོན་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། “འབྲུ་རིགས”ཀྱི་ཞིང་ཆེན་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་དང“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཟས་རིགས་གཙོ་བོ་དང་ཞོར་ཟས་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་སྤྲོད་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མིག་སྔ་ནི་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགག་རྩའི་དུས་ཚིགས་ཡིན་པས་ས་ཁུལ་ཁག་གིས་དུས་ཚོད་ལ་དམ་འཛིན་གྱིས་ས་བོན་དང་། རྫས་ལུད། གཟན་ཆག་སོགས་ཞིང་སྤྱོད་རྒྱུ་ཆ་འདོན་སྤྲོད་སྒྲིག་འཛུགས་ཡག་པོ་དང་དཔྱིད་འདེབས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མ་ཡིན་པས་ཁུལ་དབྱེ་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་ལག་བསྟར་ལ་དམ་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོར་སྤྱི་འདོམས་བྱེད་དགོས། ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་སྨིན་ཇུས་བསྟར་གྱི་རྩ་དོན་གཞིར་བཟུང་། རྫོང་རེས་ཚན་པ་རེ་བྱས་ཏེ་རྫོང་ཁོངས་མི་གཅིག་པའི་ཉེན་ཁའི་རིམ་པ་གཏན་འཁེལ་དང་། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ཧེ་བག་ལྡན་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་གཏན་འབེབས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་། ཕྱོགས་ལྷུང་དང་ཐལ་སྐྱོད་དུས་ཐོག་ཏུ་ཡོ་བསྲང་། སྟབས་བདེ་པོས་སྒོ་རྒྱག་པ་དང་མཚམས་འཇོག་ཁོ་ན་མི་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་སོགས་གང་ཐུབ་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་གཏོང་གང་ཐུབ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་ནུས་པ་ཤུགས་ཆེར་གཏོང་བ་དང་། རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ལ་དམིགས་ནས་དེ་མཚུངས་ཀྱི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མ་དངུལ་གྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས། དུས་མཚམས་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་པའི་ཁྲལ་རིན་གཉིས་གཅོག་གི་བྱ་ཐབས་ལ་མུ་མཐུད་ཞིབ་འཇུག་བྱས་ནས་བཏོན་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་དཀའ་ངལ་སེལ་དགོས། བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ཀྱི་སྟབས་བསྟུན་ནུས་པ་རྒྱུན་འཁྱོངས་ཀྱིས་རིམས་འགོག་དངོས་ཟོག་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་གཟིགས་སྐྱོང་སྐྱེད་ཚད་ཀྱི་ཡིད་རྟོན་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ས་ཁུལ་དང་། ལས་རིགས། ཁེ་ལས་བཅས་ལ་ཧེ་བག་ཅན་གྱི་གཟིགས་སྐྱོང་དངུལ་རྩའི་ཞབས་འདེགས་འཐུས་སྒོ་ཚང་དུ་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་དེ་བས་ཆེ་རུ་བཏང་སྟེ་ཁེ་ལས་འབྲིང་གྲས་དང་ཆེས་ཆུང་གྲས་ཀྱི་ནོར་ཁྲལ་དང་། དངུལ་རྩ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རོགས་བྱེད་དགོས། རིམས་ནད་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིགས་དབྱེ་མཛུབ་ཁྲིད་དང་གོ་རིམ་ལྡན་པའི་ངང་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་སོགས་ཁེ་ལས་སྣ་ཚོགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་དགོས། བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་ཞུགས་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ནང་མཁོ་རྒྱ་བསྐྱེད་དང་ཕྱི་མཁོ་བརྟན་པོ་ཡོང་བ་ཧུར་ཐག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གཏོང་ཕྱོགས་ལེགས་སྒྱུར་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་ཁུལ་གྱི་མ་དངུལ་ཡག་པོ་འཇོག་པ། དམངས་ཁྲོད་ཀྱིས་མ་དངུལ་འཇོག་པའི་ཧུར་སེམས་སྐོང་འཐེན་བཅས་བྱས་ནས་རྣམ་གྲངས་ཆེ་གྲས་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཞབས་འདེགས་འཛད་སྤྱོད་ཀྱི་སྤུས་ཚད་ལེགས་སུ་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚོང་ཟོག་དངོས་ཀྱི་འཛད་སྤྱོད་བྱེད་ཚད་ཆེ་རུ་བཏང་ནས་གསར་དར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་མགྱོགས་འདོན་དགོས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་མྱུར་དུ་ལས་འགོ་བསྐྱར་འཛུགས་ཀྱིས་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ནུས་པ་གང་ལེགས་འདོན་དགོས། རྒྱལ་སྤྱི་དང་མཐུན་སྦྱོར་མཉམ་ལས་ལ་ཧུར་ཐག་ཞུགས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་སྐྲུན་དགོས། ཕྱི་དངུལ་གྱི་རྣམ་གྲངས་ཆེན་པོ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་། དེ་བཞིན་ལེ་ལག་ཚང་བའི་ཁྲིམས་སྲོལ་ལག་བསྟར་ཡག་པོ་བྱས་ཏེ་ཕྱི་རྒྱལ་ཚོང་པའི་མ་དངུལ་འཇོག་པའི་ཁོར་ཡུག་ལེགས་སུ་བཏང་ནས་ཕྱི་དངུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱེད་པ་ནི་དམག་འཐབ་ཆེན་པོ་ཞིག་རེད་ལ། ཚོད་བགམ་ཆེན་པོ་ཞིག་ཀྱང་དེ་བས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ཚོད་བགམ་ཐེག་པར་བྱེད་པར་འགན་འཁྲི་འཁུར་ཐུབ་པ་དང་ལས་འགན་སྒྲུབ་ཕོད་པའི་བློ་སྟོབས་ཡོད་དགོས་ལ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བློ་རིག་ཀྱང་ལྡན་དགོས་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཐབས་ཇུས་ཡོད་དགོས་ལ་སྒྲིག་འཛུགས་ལག་བསྟར་བྱེད་པའི་འཇོན་ཐང་ཡང་ལྡན་དགོས། ལས་དོན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་གིས་དམག་འཐབ་ཆེན་པོའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་། ཚོད་བགམ་ཆེན་པོའི་ཁྲོད་ཚད་གཞི་ལོན་པའི་གྲུབ་འབྲས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་འགན་ལེན་གྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་དགོས།
     ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

  
style="display:none;"