མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་དང་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ མཁོ་སྤྲོད་འགན་སྲུང་དེ་བས་ཡག་པོ་བྱེད་རྒྱུར་སྔར་བས་བཀོད་སྒྲིག་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་2ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་དང་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། མཁོ་སྤྲོད་འགན་སྲུང་དེ་བས་ཡག་པོ་བྱེད་པར་སྔར་བས་བཀོད་སྒྲིག་གནང་བ་རེད།
     ཚོགས་འདུའི་ཐོག་རིམས་འགོག་གི་གཙོ་གནད་དངོས་ཟོག་འགན་སྲུང་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པའི་སྐོར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་གསན་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་ལེན་བསྟར་བ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་བླང་བྱར་གཞིགས་ནས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱེད་འགོ་སླར་ཡང་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་མཁོ་སྤྲོད་བྱེད་ཚད་གང་མགྱོགས་མང་དུ་བཏང་བ་དང་། འཚོ་བའི་མཁོ་ཆས་ཁྲོམ་རར་མཁོ་སྤྲོད་བྱེད་རྒྱུ་འབེལ་ཙམ་ཡོད་པ། སོལ་གློག་སྣུམ་རླངས་སོགས་ནུས་རྒྱུ་འགན་སྲུང་ཅུང་ཡག་པོ་བྱུང་ཡོད། འཚང་གཡོལ་སོགས་བྱ་ཐབས་སྣ་མང་སྤྱད་པ་བརྒྱུད་དུས་ཆེན་རྗེས་སུ་ཕྱིར་ལོག་པའི་གཞི་ཁྱོན་ཆེ་བའི་མི་ཚོགས་ཐོན་མེད། འབྲེལ་ཡོད་སྡེ་ཚན་གྱིས། མ་འོངས་གཟའ་འཁོར་གཅིག་རིང་ལ་སྔ་ལོ་ལྟ་བུའི་འགྲོ་སྐྱོད་ཆེ་བའི་གནས་ཚུལ་ཐོན་བཟོ་མེད་ཅེས་སྙན་སེང་ཞུས་པ་རེད།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་ནས་རིགས་དབྱེ་ནས་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱེད་འགོ་སླར་ཡང་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཤིང་། ཧུའུ་པེ་ཞིང་ཆེན་གྱི་མིག་སྔའི་ལས་འགན་ཨང་དང་པོ་ནི་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག རིམས་ནད་སྔོན་འགོག་ཚོད་འཛིན་དང་གྲོང་ཁྱེར་འཁོར་རྒྱུག་སོགས་ལ་དགོས་ངེས་ཀྱི་འབྲེལ་ཡོད་ཁེ་ལས་འཁོར་རྒྱུག་རྒྱུན་གཏན་ཡོང་བའི་འགན་ལེན་བྱས་ཏེ། འཚོ་བའི་མཁོ་ཆས་མཁོ་སྤྲོད་དོན་འཁྱོལ་བྱ་རྒྱུ་དེ་རེད། ཞིང་ཆེན་གཞན་དག་གིས་གནས་ཚུལ་དངོས་ལ་གཞིགས་ནས་གནད་ལ་འཁེལ་བའི་སྔོན་འགོག་ཚོད་འཛིན་རིགས་དབྱེ་ནས་བྱེད་པ་དང་། ནད་གཞི་འགོས་པའི་མི་གྲངས་ཉུང་བའི་ས་ཁུལ་དང་གྲོང་ཁྱེར་མང་ཆེ་བས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱེད་འགོ་སླར་ཡང་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གཉིས་ནས་སྨན་སྤྱོད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་ཐུབ་པའི་ཚད་ལ་སླེབས་རྒྱུར་སྐུལ་སྤེལ་གཏོང་བ་དང་། སྒྲིག་ཆས་དང་། ལས་མི། མ་དངུལ། རྒྱུ་ཆ་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ། མཁོ་སྤྲོད་གནད་ལ་འཁེལ་པོས་སྦྲེལ་མཐུད་དང་གཅིག་གྱུར་གཏོང་སྤྲོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་དགོས་མཁོར་འགན་ལེན་བྱེད་དགོས། གསུམ་ནས་ཇུས་གཞི་བཟོས་ཏེ་གོ་རིམ་ལྡན་པའི་ངང་ལས་མི་ལས་གནས་སུ་ཕྱིར་ལོག་པར་སྒྲིག་འཛུགས་བྱེད་དགོས་ཤིང་། ངལ་ནུས་ཕྱིར་གཏོང་དང་ནང་འདྲེན་བྱེད་ཁུལ་གཙོ་བོས་ཞིང་པ་ལས་མི་སོགས་གཙོ་གནད་མི་ཚོགས་ལས་གནས་སུ་ཕྱིར་ལོག་པའི་སྦྲེལ་མཐུད་དང་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་། ཕྱི་ཡོང་འཁོར་རིགས་དང་མི་སྣར“བརྒྱ་ཁ་གཅིག་གཅོད”ཀྱིས་ཕྱིར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པ་སོགས་ཀྱི་བྱེད་སྟངས་ཡོ་བསྲང་བྱེད་དགོས། བཞི་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཆེད་དོན་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། ཁེ་ལས་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་ཀྱི་དཀའ་ངལ་སེལ་དགོས་ཤིང་། གཞུང་ཁོངས་སྡེ་ལས་ཀྱི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། དངུལ་བུན་གྱི་སྐྱེད་ཀ་གཅོག་པ། བུ་ལོན་འཇལ་བའི་དུས་ཡུན་རིང་དུ་གཏོང་བ། ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་བརྒྱུད་དེ་གནས་སྐབས་རང་བཞིན་གྱི་རྒྱབ་སྐྱོར་བྱ་ཐབས་ལག་ལེན་བསྟར་དགོས། ལྔ་ནས་ས་གནས་ཀྱིས“ཤ་ཚལ་སྒོང་གསུམ”དང་འབྲུ་རིགས་ལ་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ནས། འབྲུ་སྣུམ་ཚལ་གསུམ་དང་ཤ་སྒོང་འོ་མ་གསུམ་སོགས་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས། ཟོག་གོང་ཧམ་སྤོར་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད། དཔྱིད་དུས་ཀྱི་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་གྱིས་སོན་དང་། རྫས་ལུད། ཞིང་སྨན། གཟན་ཆག་སོགས་ཐོན་སྐྱེད་མཁོ་སྤྲོད་དང་སྐྱེལ་འདྲེན་ཤར་གཏོང་ལ་འགན་སྲུང་ཡང་བྱེད་དགོས། དྲུག་ནས་སོལ་གློག་སྣུམ་རླངས་བཞིའི་སྐྱེལ་འདྲེན་ལ་ཤུགས་སྣོན་བརྒྱབ་ནས། འགྲིམ་འགྲུལ་མ་ལམ་གཙོ་བོ་དང་འགག་རྩའི་ཟོག་འགྲེམས་ལྟེ་གནས་ཀྱི་རྒྱུན་གཏན་འཁོར་རྒྱུག་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་། རིམས་ནད་ཚབས་ཅུང་ཆུང་བའི་ས་ཁུལ་གྱིས་རིམས་འགོག་ཡག་པོ་བྱས་པའི་སྔོན་འགྲོའི་འོག གཞུང་ལམ་གྱི་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སོགས་ཀྱི་ཞབས་འདེགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས། བདུན་ནས་རྣམ་གྲངས་གལ་ཆེན་སྔ་ཙམ་ལས་འགོ་འཛུགས་པ་དང་སྐྲུན་འགོ་འཛུགས་པར་སྐུལ་སྤེལ་གཏོང་དགོས། ས་ཁུལ་ཁག་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་པོ་བསྒྲུབས་ནས། ལས་མི་སྤྱོད་པ་དང་། ས་ཆ། མ་དངུལ། ནུས་སྤྱོད་སོགས་ལ་འགན་སྲུང་ཡག་པོ་བྱེད་དགོས། བརྒྱད་ནས་ལས་ཞུགས་ཀྱི་གནད་དོན་ལ་ཚད་མཐོའི་དོ་ཁུར་བྱས་ནས་གཞི་ཁྱོན་ཆེ་བའི་ལས་མི་ཉུང་གཏོང་ལ་བཀག་འགོག་བྱེད་དགོས། ས་གནས་ཀྱིས་ཕྱོགས་བསྡུས་ངང་ལས་ཤོར་འགན་བཅོལ་ཐེབས་རྩའི་ལྷག་འཕྲོ་སོགས་ཀྱི་མ་དངུལ་སྤྱད་དེ་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་དུ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆ་ཤས་འགྱངས་འཇལ་དང་ཕྱིར་སློག་སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། རིམས་ནད་དབང་གིས་ཕྱིར་སྐྱོད་མི་ཐུབ་པའི་ཞིང་པ་ལས་མི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡོད་མལ་ཁོར་ཡུག་ལེགས་བཅོས་ལ་ཞུགས་པའི་ཁྲིད་སྟོན་ཡང་བྱེད་དགོས། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁག་ལ་སྤྱི་འདོམས་དང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་དང་སྙོམས་སྒྲིག་ལ་ཤུགས་སྣོན་བཅས་བྱས་ནས། དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་འདོན་པ་དང་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་འཁོར་རྒྱུག་སྲུང་སྐྱོང་བྱེད་དགོས།

  
style="display:none;"