འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎ཀྲུང་གོའི་འཐུས་མིས་ཕྱི་རྒྱལ་གྱི་འཇིགས་སྐུལ་དམག་འཐབ་པར་རྡུང་རྡེག་གཏོང་བའི་བཞེད་དོན་བཞིར་རྒྱས་བཤད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་དང་དེ་མིན་རྒྱལ་སྤྱིའི་རྩ་འཛུགས་སུ་རྒྱུན་སྡོད་འཐུས་མི་ཝང་ཆུན་གྱིས་ཉིན་ཤས་གོང་ཝི་ཨེན་ནར་འཚོགས་པའི་ཡོ་རོབ་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་གྱི་མཐོ་རིམ་ཚོགས་འདུར་ཞུགས་ཏེ་ཀྲུང་གོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་གལ་ཆེན་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་པ་རེད།
     ཝང་ཆུན་གྱིས་ཕྱི་རྒྱལ་གྱི་འཇིགས་སྐུལ་དམག་འཐབ་པར་རྡུང་རྡེག་གཏོང་བའི་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་བཞེད་དོན་བཞི་རྒྱས་བཤད་བྱས་པ་སྟེ། གཅིག་ནས་ཚད་གཞི་གཅིག་གྱུར་གྱིས་བཙན་གནོན་དྲག་རྡུང་གི་རྣམ་པ་མཐའ་འཁྱོངས་བྱེད་དགོས། ཚད་གཞི་མི་འདྲ་བ་གཉིས་དང་གདམ་གསེས་རང་བཞིན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུ་མེད་པ་དང་། འཇིགས་སྐུལ་ཕྱོགས་གཏོགས་ལ་བརྟེན་ནས་ས་འབྲེལ་ཆབ་སྲིད་ཀྱི་ཁེ་ཕན་དོན་གཉེར་བྱ་མི་རུང་ལ། འཇིགས་སྐུལ་རིང་ལུགས་དང་ཆེད་དམིགས་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་བཅས་མཉམ་བསྲེས་དེ་བས་བྱ་མི་རུང་། གཉིས་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱོད་དགོས། རྒྱལ་ཁབ་ཁག་གིས་འབྲེལ་ཡོད་མི་སྣ་རང་རྒྱལ་ཁབ་ཏུ་ཕྱིར་བསློགས་ནས་ཁྲིམས་ལ་སྦྱོར་རྒྱུར་མཉམ་ལས་བྱས་ཏེ་མཐའ་མཚམས་དོ་དམ་ཚོད་འཛིན་དང་ཁྲིམས་བསྟར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དྲ་སྦྲེལ་ལ་བརྟེན་ནས་འཇིགས་སྐུལ་བྱེད་སྒོ་སྤེལ་བར་གཙོ་གནད་རྡུང་རྡེག་གཏོང་དགོས། གསུམ་ནས་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་རྩ་བ་མེད་པར་བཟོ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞི་བའི་རྩོད་གླེང་ཐག་གཅོད་བྱས་ཏེ་ཤེས་དཔལ་དང་ཆོས་ལུགས་མི་འདྲ་བའི་དབར་འདྲ་མཉམ་གླེང་མོལ་དང་ཞི་མཐུན་མཉམ་གནས་ལ་ལྕག་སྐུལ་བྱེད་དགོས། བཞི་ནས་ཕྱོགས་མང་ཁྲིད་སྟོན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྲོག་ཤིང་ནུས་པ་འདོན་དགོས། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ནང་གི་འཇིགས་སྐུལ་ལ་ངོ་རྒོལ་་བྱེད་པའི་ལམ་སྲོལ་གྱིས་ཆེད་ལས་ཀྱི་ལེགས་ཆ་འདོན་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཆོད་ལ་བརྩི་སྲུང་ནན་པོ་ཞུས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མིང་ཐོ་བཀོད་པའི་འཇིགས་སྐུལ་རྩ་འཛུགས་དང་མི་སྒེར་ཡོད་ཚད་ལ་རྡུང་རྡེག་གཏོང་དགོས།