འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎མཚོ་སྔོན་གྱི་གྲོང་གསེབ་ཏུ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་འཛིང་རགས་བརྟན་པོ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅཱ་ཀྲའེ་གྲོང་རྡལ་དུ་སྐྱོད་སྐབས། ཤང་གྲོང་ལས་བྱེད་པ་དང་། ཏང་ཡོན། ཡུལ་མི་བཅས་དང་བླངས་པས་ཁ་རས་བརྒྱབ་ནས། གྲོང་འགོར་རིམས་འགོག་ས་ཚིགས་བཙུགས་ཏེ་འགྲོ་འོང་བྱེད་མཁན་གྱི་མི་སྣ་དང་གྲོང་ཚོར་ཡོང་བའི་འཁོར་རིགས་ལ་དུག་སེལ་དང་མི་སྣར་གཟུགས་པོའི་དྲོད་ཚད་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།
     ཧོང་ཅཱ་ཀྲའེ་གྲོང་རྡལ་ནས་ཟི་ལིང་བར་ལམ་ཐག་སྤྱི་ལེ་24ཡོད་པ་དང་། གྲོང་རྡལ་ཡོངས་ལ་མི་འབོར་ཁྲི་3.3ཡོད་ཅིང་། འགྲིམ་འགྲུལ་སྟབས་བདེ་བས། ཞིང་དལ་དུས་སུ་ས་གནས་དེ་གའི་མི་སེར་མང་པོ་ཞིག་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད། ཧོང་ཅཱ་ཀྲའེ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་དབན་ཀྲེས་ལོ་གསར་ཚེས་གཉིས་ཉིན་ནས་བཟུང་། སྲིད་གཞུང་གིས་བཙུགས་པའི་རིམས་འགོག་ས་ཚིགས་གྲོང་རྡལ་དེའི་སྲིད་འཛིན་གྲོང་ཚོ་20ལ་ཁྱབ་པ་དང་། ང་ཚོས་དྲ་མིག་ཅན་གྱི་དོ་དམ་བརྒྱུད་རིམས་ནད་ལ་དུས་ཐོག་ཏུ་ལྟ་འདོམས་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད།
     ལོ་47ལ་སླེབས་པའི་ཀའོ་མིང་ཀྲུའུ་ནི་ཧོང་ཅཱ་ཀྲའེ་གྲོང་རྡལ་ཧོང་ཞི་གྲོང་ཚོའི་ཧྲེ་5པ་ནས་ཡིན་པ་དང་། ཏང་ལོ་10ལ་སླེབས་པའི་ཏང་ཡོན་ཞིག་རེད། ཁོང་གིས་ས་གནས་དེ་གའི་འཕྲོད་བསྟེན་རིམས་འགོག་ལས་དོན་པ་དང་མཉམ་དུ་གྲོང་ཚོར་དྲིལ་བསྒྲགས་དང་དུག་སེལ་བྱེད་པར་བསྐྱོད་ཀྱི་ཡོད། “ཛ་དྲག་དུས་སུ་ང་ཚོས་ཏང་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྤེལ་དགོས”ཞེས་ཀའོ་མིང་ཀྲུའུ་ཡིས་བརྗོད།
     གསར་འགོད་པར་ཝུན་ཧྲང་པང་འཕྲད་དུས་ཁོང་གིས་ཡུལ་མི་པའེ་ཧྥུང་ཆིང་ལ་རིམས་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་སྦྲགས། ཁོ་མོར་ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས་པ་དང་ཁྱིམ་གྱི་རླུང་འགྲོ་དང་དུག་སེལ་ཡག་པོ་བྱེད་དགོས་པའི་ཁ་ཏ་ཡང་ཡང་བྱེད་བཞིན་འདུག ཝུན་ཧྲང་པང་བཟའ་ཚོ་གཉིས་ཀ་ཧོང་ཞི་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཡིན་པ་དང་། གོང་རིམ་གྱི་བཀའ་རྒྱ་འབྱོར་རྗེས། ཁོང་གཉིས་ཀྱིས་ཧོང་ཞི་གྲོང་ཚོའི་རིམས་འགོག་ལས་དོན་གྱི་འཐབ་ས་དང་པོར་ཞུགས། ཉིན་ལྟར་བཟའ་ཚོ་གཉིས་པོས་གཅིག་གི་འཕྲོད་བསྟེན་ཁང་དུ་ལས་རེས་བྱེད་པ་དང་། གཅིག་ཤོས་དེས་གཟུགས་པོའི་དྲོད་ཚད་བརྟག་དཔྱད་དང་གྲོང་ཚོའི་འཕྲོད་བསྟེན་དྲིལ་བསྒྲགས་ལས་ཀའི་འགན་འཁུར་གྱི་ཡོད།
     “དུས་འགོའི་གྲལ་བཤེར་བརྒྱུད་ང་ཚོའི་གྲོང་ཚོར་ཕྱི་ནས་ལོག་ཡོང་བའི་མི་42ཡོད་པ་དང་། གཙོ་བོ་ལས་མི་དང་སློབ་གྲྭ་ཆེ་མོ་བ་རེད། མིག་སྔར་ང་ཚོས་ཉིན་ལྟར་གཙོ་གནད་ཐོག་ཕ་ཡུལ་དུ་ཕྱིར་ལོག་པའི་མི་42ཀྱི་བདེ་ཐང་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་། ཉིན་ལྟར་ཁོང་ཚོར་གཟུགས་པོའི་དྲོད་ཚད་བརྟག་དཔྱད་ཐེངས་བཞི་བྱེད་ཀྱི་ཡོད་པས། མིག་སྔར་ཡུལ་མི་ཚོའི་གནས་ཚུལ་བརྟན་པོ་ཡོད་པ་དང་ཚ་བ་རྒྱས་པའི་མི་བྱུང་མེད”ཅེས་ཝུན་ཧྲང་པང་གིས་བརྗོད།
     གསར་འགོད་པས་བཅར་འདྲི་བྱེད་སྐབས་མཐོང་བར། “ལྟོ་དུས་གཅིག་མཉམ་དུ་མ་བཟས་ན་གཉེན་ཉེའི་འབྲེལ་བ་ཆད་མི་སྲིད” “རིམས་ནད་སྔར་བཞིན་ཐོན་པས། མ་བྱུང་སྔོན་འགོག་གལ་ཆེ”ཞེས་པ་སོགས་ཀྱི་སྦྱར་ཡིག་ཧོང་ཞི་གྲོང་ཚོའི་ཕྱོགས་གང་ས་ནས་མཐོང་རྒྱུ་འདུག་ལ། གྲོང་ཚོའི་རྒྱང་བསྒྲགས་ནས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་གཏོང་གི་འདུག
     མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཀུའུ་ཁྲེང་ཧུད་རིགས་ཤང་ལ་དུད་ཚང་2728དང་མི་11816ཡོད་ཅིང་། དེ་སྔོན་དཔྱིད་གསར་དུས་ཆེན་རིང་སྲོལ་རྒྱུན་གྱི་འཁྲབ་སྟོན་དང་། མདའ་འཕེན་པ། ལན་ཆིའུ་སྤོ་ལོ་སོགས་ཀྱི་རིག་རྩལ་བྱེད་སྒོ་ས་གནས་དེར་དར་ཁྱབ་ཧ་ཅང་ཆེ། ད་ལོའི་དཔྱིད་གསར་དུས་ཆེན་རིང་། གྲོང་མི་ཚོས་རང་འགུལ་ངང་བྱེད་སྒོ་དེ་དག་མེད་པར་བཟོས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་སྤྱད་ཡོད།
     ཀུའུ་ཁྲེང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ཀུའེ་ཕིང་གིས་ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་གིས་ནང་སར་འཐེན་ཐུག་གི་ཟ་ཁང་བཙུགས་ཡོད་པས། ང་ཚོས་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་གྲྭ་ཆེ་མོ་བ་དང་དེ་བཞིན་ཕྱིར་གླ་པ་རྒྱུག་མཁན་ལས་མིར་ཁྱིམ་དུ་ལོགས་སུ་བཞག་ནས་ལྟ་ཞིབ་བྱས་ཡོད་ལ། ཆེད་མི་བཀོད་སྒྲིག་བྱས་ཏེ་ཉིན་ལྟར་གྲོང་མིའི་ཁྱིམ་དུ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་བྱེད་པར་འགྲོ་ཡི་ཡོད་ཅེས་བརྗོད།
     གསར་འགོད་པ་ཀུའུ་ཁྲེང་གྲོང་ཚོའི་ལོ་75ལ་སླེབས་པའི་ཡའོ་ཧའེ་ཧྲེང་གི་ཁྱིམ་དུ་སླེབས་དུས། ཁོང་གི་ནང་མི་བཞི་པོ་གུང་ཟས་ཟ་བཞིན་འདུག ས་མཐོའི་དགུན་ཁའི་ཉིན་འོད་དྲོད་མོ་ཞིང་ཁྱིམ་གྱི་སྒོ་རར་འཕྲོས་ཤིང་། ཡའོ་ཧའེ་ཧྲེང་གིས་དུག་སེལ་གཤེར་ཁུས་ཉིན་ལྟར་ཁྱིམ་དུ་དུག་སེལ་བྱེད་ཀྱི་ཡོད། “ཉིན་ལྟར་ཐབ་ལ་ཚུའུ་དང་སྒོག་པ་སྐོལ་བར་དུག་སེལ་གྱི་ནུས་པ་ངེས་ཅན་ཐོན་གྱི་ཡོད”ཅེས་བརྗོད།
     ཁྲེ་ཀུའེ་ཕིང་གིས“ཛ་དྲག་དུས་སུ་མང་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་པས། ད་ཆ་ཤང་གི་དབྱི་སི་ལན་ཕྱག་ཁང་9དང་བོད་བརྒྱུད་ནང་བསྟན་དགོན་སྡེ་1ཡོད་པ་ཚང་མ་སྒོ་བརྒྱབ་པ་དང་། གཉེན་སྒྲིག་དང་འདས་འཇུག་བྱེད་སྒོ་སྟབས་བདེ་རུ་གཏོང་བའམ་ཡང་ན་དུས་ཚོད་ནར་འགྱངས་བྱས་ཡོད”ཅེས་བརྗོད།