མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཞི་ཅིན་ཕིང་གིས་ཁྲའོ་དབྱང་ཆུས་ཨན་ཀྲེན་སྲང་ལམ་གྱི་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ནི་ཞི་ཅིན་ཕིང་གིས་ཁྲའོ་དབྱང་ཆུས་ཨན་ཀྲེན་སྲང་ལམ་གྱི་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

     ■ མིག་སྔར་རིམས་ནད་གནས་ཚུལ་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱེད་དགོས་པའི་སྤྱིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཡང་འབད་བསྐྱར་འབད་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་དང་། དེ་བས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། དེ་བས་འཕྲལ་ཐག་ཆོད་པའི་བྱེད་ཐབས་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ཏེ་རིམས་ནད་ཁྱབ་མཆེད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
     ■ རྒྱལ་ཡོངས་ཁྱོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྡེ་ཁུལ་གྱི་འགོག་རྒོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་མངགས་གཏོང་བྱེད་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ལྟ་བུར་འགྱུར་བ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས། མིག་སྔར་རིམས་ནད་གནས་ཚུལ་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱེད་དགོས་པའི་སྤྱིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཡང་འབད་བསྐྱར་འབད་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་དང་། དེ་བས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། དེ་བས་འཕྲལ་ཐག་ཆོད་པའི་བྱེད་ཐབས་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ཏེ་རིམས་ནད་ཁྱབ་མཆེད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་10ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་ཧྲེ་ཀྲང་ཁྲེན་ཅི་ཉིང་གི་ཕེབས་རོགས་འོག་སྡེ་ཁུལ་དང་། སྨན་ཁང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་སུ་ཕེབས་ཏེ། གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཧུའུ་པེའི་ཝུའུ་ཧན་གྱིས་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་སྨན་དོན་ལས་དོན་མི་སྣ་དང་རྒྱ་ཆེའི་ལས་བྱེད་ལས་བཟོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་མཚོན་པར་གནང་བ་རེད།
     ཞི་ཅིན་ཕིང་གིས་དང་ཐོག་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཨན་ཀྲེན་སྲང་ལམ་གྱི་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་ཚུལ་མཁྱེན་རྟོགས་གནང་བ་དང་། སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་རུ་ཞི་ཅིན་ཕིང་གིས་ཨན་ཀྲེན་སྲང་ལམ་དང་ཨན་ཧྭ་ལི་སྡེ་ཁུལ་གྱིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱོད་པ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། དུད་ཚང་དུ་བསྐྱོད་དེ་གྲལ་བཤེར་བྱེད་པ་དང་གཙོ་གནད་ཚོགས་སྤྱིར་ལྟ་སྐུལ་ཚོད་འཛིན་གྱི“ཡོངས་སུ་ཁྱབ་པ་གཉིས”བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྡེ་ཁུལ་ནི་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་ཡིན་ལ། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱེད་པའི་ཆེས་ནུས་ལྡན་གྱི་འགོག་སྲུང་འཛིང་རགས་ཤིག་ཀྱང་ཡིན། འགོག་སྲུང་འཛིང་རགས་ཤིག་ཡིན་པའི་སྡེ་ཁུལ་ཡག་པོ་བསྲུངས་ཚེ་རིམས་ནད་འགོ་ལམ་ནུས་ལྡན་ངང་འགོག་ཐུབ། རྒྱལ་ཡོངས་ཁྱོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྡེ་ཁུལ་གྱི་འགོག་རྒོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་མངགས་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ལྟ་བུར་འགྱུར་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཞིབ་བཤེར་དང་རྒྱ་སྐྱེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཁར། སྡེ་ཁུལ་གྱི་གྲོང་མི་སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཤིག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     འདི་ལོའི་ཟླ་1ཚེས་12ཉིན་ནས་བཟུང་། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་པེ་ཅིང་ཏི་ཐན་སྨན་ཁང་གིས་ཏོག་གསར་གློ་ཚད་ཕོག་མཁན་ནད་པ་སྐྱོབ་བཅོས་དང་། འཐེན་བཤེར། ལོགས་སུ་འཇོག་པ་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་ཏེ། པེ་ཅིང་གྲོང་ཁྱེར་གྱི་གཏན་འཁེལ་བའི་ནད་དཔེ་དང་པོ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱས་ཡོད། ཞི་ཅིན་ཕིང་ཏི་ཐན་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཐོག་བརྩེགས་དང་པོའི་འཁོར་རྒྱུག་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། བརྙན་ལམ་བརྒྱུད་ནད་པར་ནད་སྡོད་སྨན་བཅོས་བྱ་ཚུལ་ལ་གཟིགས་པ་དང་འབྲེལ་ནད་ཁང་དུ་ལས་རེས་བྱེད་མཁན་གྱི་སྨན་དོན་མི་སྣ་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ། ཁོང་ཚོར་སྨན་བཅོས་ཀྱི་ཇུས་གཞི་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མུ་མཐུད་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱ་རྒྱུ། སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ། འགོ་ནད་ཕོག་ཚད་དང་ནད་ཀྱིས་འཆི་ཚད་དམའ་རུ་ཧུར་ཐག་གཏོང་རྒྱུ་བཅས་ཀྱི་ལྕག་སྐུལ་གནང་བ་མ་ཟད། ཁོང་ཚོར་རང་ངོས་ནས་འགོག་ཟོན་ཡག་པོ་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་བྱུང་ཚུལ་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། ཏི་ཐན་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ལྟེ་གནས་སུ་ཞི་ཅིན་ཕིང་གིས་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་མཁན་ཅིན་དབྱིང་ཐེན་སྨན་ཁང་དང་། ཞེ་ཧོ་སྨན་ཁང་། ཧོ་ཧྲེན་ཧྲན་སྨན་ཁང་བཅས་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་ལས་དོན་མི་སྣ་དང་། ལས་བྱེད་ལས་བཟོ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་ས་ནས་གནས་ཚུལ་མཁྱེན་རྟོགས་དང་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་ཁར། ཏང་གི་འབོད་སྐུལ་དང་ལེན་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཐེ་ཚོམ་སྤུ་ཙམ་མེད་པར་བསྐྱོད་དེ་དུས་ཚོད་དང་འགྲན་བསྡུར་བྱེད་པ་དང་། ནད་དུག་དང་འཐབ་རྩོད་བྱེད་པ། དཔའ་ངར་ཆེར་སྐྱེད་དང་ཉིན་མཚན་བལྟོས་མེད་ཀྱིས་འབད་འཐབ་བྱེད་པ་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད་ཅེས་ནན་བཤད་གནང་བ་རེད། ཁོང་གིས་ད་ལྟ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་རྒྱལ་ཕམ་ཐག་མ་ཆོད་པའི་སྐབས་སུ་གནས་ཡོད་པས་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣས་ངེས་པར་དུ་མུ་མཐུད་མཐའ་འཁྱོངས་ཀྱིས་སྡུག་བསྲན་ཁྱད་པར་ག་པ་དང་དམག་འཐབ་ད་པར་འན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་གཞུང་གི་གཞོམ་མེད་བྲག་རྡོའི་ནུས་པ་འདོན་སྤེལ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་བསྟན་པ་རེད།
     དེ་རྗེས། ཞི་ཅིན་ཕིང་གིས་རྒྱང་བསྟེན་ནད་བརྟག་སྨན་བཅོས་ལྟེ་གནས་སུ་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་དང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེང་གཉིས་ཀྱིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དང་ཧུའུ་པེའི་བཀོད་འདོམས་པུའི་ཚབ་གནང་ནས་ཞུས་པའི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཧུའུ་པེའི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་མི་སྣ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འཐབ་ཕྱོགས་ཁག་གི་བློ་མཐུན་རྣམ་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ། ད་ཐེངས་ཀྱི་རིམས་ནད་ནང་སྟབས་མི་ལེགས་པར་ནད་འགོས་ནས་གྲོངས་པའི་མང་ཚོགས་ལ་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ། ནད་པ་དང་དེའི་ནང་མི་དང་འདས་པོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཧུའུ་པེ་དང་ལྷག་དོན་དུ་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། རང་རྟོགས་ངང་བྱ་སྤྱོད་སྤེལ་བ། ཞུམ་མེད་འཐབ་རྩོད་བྱེད་པ་བཅས་བྱེད་དགོས་པ་དང་། རྒྱལ་ཡོངས་ས་གནས་ཁག་གིས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས་པ་དང་། ཧུའུ་པེ་དང་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་སྐྱོད་མཁན་ས་གནས་ཁག་གི་རྒྱ་ཆེའི་སྨན་དོན་མི་སྣ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དེ་བཞིན་ཕྱོགས་ཁག་གི་མི་སྣ་བཅས་ཀྱིས་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན། དེ་ཙམ་གྱིས་མདུན་དུ་སྐྱོད་པའི་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་། བློ་བརྟན་འགྱུར་མེད། འཆི་རྒྱུར་མི་སྐྲག་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཡོད། ཚང་མས་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་སྒྲུབ་པ་དང་། འབད་བརྩོན་ཆེན་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཚང་མ་ཧུའུ་པེ་དང་ཝུའུ་ཧན་མི་དམངས་དང་མཉམ་དུ་ལངས་ཡོད། ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་ཚོགས་ཆུང་ཝུའུ་ཧན་དུ་མངགས་པ་དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་ཞིག་རེད་ལ། ཧུའུ་པེའི་མི་དམངས་དང་ཝུའུ་ཧན་གྱི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་ཞིག་ཀྱང་རེད། ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ཞིག་དང་། ཧུའུ་པེའི་མི་དམངས་དང་ཝུའུ་ཧན་གྱི་མི་དམངས་ནི་དཔའ་བོའི་མི་དམངས་ཞིག་ཡིན་པས། ལོ་རྒྱུས་ཐོག་དཀའ་སྡུག་དང་ཉེན་ཁས་ཕམ་མྱོང་གཏན་ནས་མེད། བློ་མཐུན་ཚོས་སེམས་ཤུགས་གཅིག་སྒྲིལ་དང་། དཔའ་ངར་ཆེན་པོས་འབད་འཐབ། གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་བྱས་ཚེ། ང་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧུའུ་པེ་དང་ཝུའུ་ཧན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གནས་ཤིག་རེད། ཝུའུ་ཧན་ལ་རྒྱལ་ཁ་ཐོབ་ན་ཧུའུ་པེར་རྒྱལ་ཁ་ཐོབ་རྒྱུ་དང་ཧུའུ་པེར་རྒྱལ་ཁ་ཐོབ་ན་རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ་རྒྱུ་རེད། མིག་སྔར། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡོད་པས། ནུས་ཤུགས་དེ་བས་ཆེ་བ་དང་འཕྲལ་ཐག་དེ་བས་ཆོད་པའི་བྱ་ཐབས་སྤྱད་དེ་རིམས་ནད་ཁྱབ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
     གཅིག་ནས་སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་དགོས། འབྱུང་རྩ་ནས་ཚོད་འཛིན་དང་རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་པ་ནི་འགོ་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྩ་བཅོས་ཀྱི་བྱ་ཐབས་ཤིག་ཡིན། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་སྨན་བཅོས་སྒྲིག་གཞིའི་ནད་ཁྲི་གང་མགྱོགས་མང་དུ་གཏོང་བ་དང་། སྟབས་བསྟུན་སྨན་ཁང་ཡག་པོ་སྤྱོད་པ། མགྲོན་ཁང་དང་གསོ་སྦྱོང་ལྟེ་གནས་སོགས་སྤྱད་དེ་ལོགས་སུ་འཇོག་པའི་ནད་ཁྲི་མང་དུ་གཏོང་བ་བཅས་བྱས་ནས་འབད་བརྩོན་ཆེར་སྐྱེད་ཀྱིས་ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་དགོས། གཉིས་ནས་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད་། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་ཀྱི་རྩ་དོན་གཞིར་བཟུང་། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་ནུས་པ་ཡག་པོ་ལྡན་པའི་སྨན་རྫས་ལེགས་འདེམས་དང་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་གཏོང་དགོས། གསུམ་ནས་སྤྱི་ཚོགས་ངོས་ལ་ལྟ་འདོམས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཐོན་སྲིད་པའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ་དང་། ལས་དོན་ཁག་ཞིབ་ཚགས་སྒྲུབ་པ། འཚོ་བ་འགན་ལེན་དང་། སྨན་བཅོས་སྐྱོབ་བཅོས། སེམས་ཁམས་སློབ་གསོ་སོགས་ཀྱི་ལས་དོན་དམིགས་སར་འཁྱོལ་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བཞི་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཧུའུ་པེ་དང་ཝུའུ་ཧན་ལ་སེམས་ཁུར་དང་མཐོང་ཆེན་བྱེད་ལུགས་དྲིལ་བསྒྲགས་གཏིང་ཟབ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི་བརྩེ་སེམས་ཆེན་པོའི་སྙིང་སྟོབས་དྲིལ་བསྒྲགས། འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། གཞི་རིམ་ལས་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་སོགས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་བརྟན་པོ་དང་ཕྱར་བ་གྲུ་འདེགས་ཀྱི་བློ་སྟོབས་བརྟན་པོ་མངོན་པར་བྱེད་དགོས། ཁུངས་བཙན་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་རིགས་ལ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ངང་ལན་བཏབ་ནས་མང་ཚོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་བཞིན་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། ལྔ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཏང་ཀྲུང་དབྱང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ཝུའུ་ཧན་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔོན་ལ་འགན་སྲུང་བྱེད་དགོས། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེ་དང་ཝུའུ་ཧན་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་ལ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་གྲོང་ཁྱེར་དང་། ཀྲོའུ། རྫོང་། ཤང་བཅས་ཀྱིས་རིམས་འགོག་ལས་དོན་ལ་སྤྱི་འདོམས་ཤུགས་སྣོན་བརྒྱབ་ནས་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་ཐག་ཆོད་པ་དང་བྱ་སྤྱོད་མྱུར་པོ་སྤེལ་བ། འཁོར་སྐྱོད་ནུས་ལྡན་དང་གོ་རིམ་ལྡན་པ། ལག་བསྟར་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་དྲག་པོ་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་མདུན་བཅར་བཀོད་འདོམས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། སེམས་ནུས་གཅིག་ཏུ་བསྒྲིལ་ནས་ལས་དོན་ཡོད་དོ་ཅོག་ལེགས་པར་སྒྲུབ་དགོས་པ་དང་ལྷུ་ཚིགས་ཚང་མར་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས། ཚོད་བགམ་གལ་ཆེན་གྱི་མདུན་དུ་ལས་བྱེད་པ་ལེགས་ཉེས་དབྱེ་འབྱེད་དང་རྟོག་ཞིབ་དེ་བས་བྱེད་ཐུབ། མཚོན་ཚུལ་མངོན་གསལ་དོད་རིགས་ལ་གཟེངས་བསྟོད་དང་བསྔགས་བརྗོད་བྱས་ནས་བློ་གཤོག་ཆེན་པོས་བེད་སྤྱོད་བྱེད་དགོས་པ་དང་། སྤྱོད་ཚུལ་ཏན་ཏིག་མེད་པ་དང་། ཁྲལ་སེལ་སླ་བཅོས་བྱེད་པ། རང་འགན་ཕར་དཀྲི་ཚུར་དཀྲི་བཅས་བྱས་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་འབྲེལ། མང་ཚོགས་ལ་བརྟེན་ཏེ། བློ་གཅིག་སེམས་གཅིག་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།
     ཏི་ཐན་སྨན་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཁྲའོ་དབྱང་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་ནས། ཁྲའོ་དབྱང་ཆུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་ད་ཐེངས་ཀྱི་རིམས་ནད་དེས་རྒྱལ་ཡོངས་ཀྱི་རིམ་ཁག་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པར་ཚོད་བགམ་ཆེན་པོ་ཐེངས་གཅིག་བྱས་ཡོད། ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་འཐབ་རྩོད་ནང་བསམ་པའི་ཉམས་འགྱུར་བཟང་པོ་དང་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་མངོན་ཡོད་ལ། མི་འདང་ས་མང་པོ་ཞིག་གསལ་པོར་མངོན་ཡོད། དེར་བརྟེན། རྒྱལ་ཡོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུ་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། རིམ་ཁག་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་ལྡན་མི་སྣ་དང་། ཚན་ཞིབ་སྟོབས་ཤུགས། ཁྲིམས་འཛུགས་སོགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གྲོས་ཚོགས་ཁང་དུ་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རྒྱལ་ས་ཡིན་པའི་པེ་ཅིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་ལྕི་པོ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱེད་པའི་ལྷུ་ཚིགས་ཆེན་པོ་གཉིས་ལ་དམ་འཛིན་མཐར་ཕྱིན་པ་བཅས་བྱས་ཏེ། རིམས་ནད་མཆེད་ཁུངས་བཀག་འགོག་གང་ཐུབ་ཅི་ཐུབ་དང་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་ཚོད་འཛིན་གང་ཐུབ་ཅི་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་སྨན་བཅོས་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལེགས་ཆའི་སྨན་བཅོས་སྟོབས་ཤུགས་སྒྲིག་འཛུགས་བཅས་བྱས་ནས། རིམས་ནད་འགོ་ཚད་དང་ནད་ཀྱིས་འཆི་ཚད་དམའ་རུ་གཏོང་བའི་ཐད་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་དེ་བས་མང་བ་འདོན་དགོས། རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་ནད་བརྟག་སྐྱོབ་བཅོས་བྱས་ཏེ། ནད་གཞི་གཏན་འཁེལ་བྱུང་ནས་སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་བ་དང་། ནད་གཞི་ཚབས་ཆེ་བ་དང་ཉེན་ཁ་ཆེ་བའི་ནད་པ་གཅིག་སྡུད་ཐོག་སྨན་ཁང་དུ་ཉར་ནས་སྐྱོབ་བཅོས་དང་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་པ་དང་། ལྷག་དོན་དུ་སྦྲུམ་མ་དང་། ཕྲུ་གུ་དམར་འབྱར་དང་བྱིས་པ་སོགས་ནད་པར་དོ་ཁུར་དམ་ཟབ་བྱེད་དགོས། ཐོན་སྲིད་པའི་གནས་ཚུལ་ཛ་དྲག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཨང་བསར་བྱས་ནས། སྨན་ཁང་རྒྱ་སྐྱེད་སྒྱུར་བཀོད་བྱེད་པ་དང་ནད་ཁྲི་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་དགོས། མཐོ་སློབ་དང་། ཚན་ཞིབ་ཁང་དང་སུའོ། ཁེ་ལས་བཅས་སྒྲིག་འཛུགས་བྱས་ནས་ཚན་ཞིབ་འགག་སྒྲོལ་བྱེད་པ་དང་། འབྲེལ་ཡོད་ཚོད་ལྟའི་སྨན་དང་། རིམས་འགོག་སྨན་ཁབ། སྨན་རྫས་བཅས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག་སྔ་ཙམ་ཚད་བརྒལ་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ་ཀུན་སེམས་གཅིག་སྒྲིལ་དང་གནས་སྐབས་ཀྱི་དཀའ་ངལ་མཉམ་དུ་ཁྱད་བསད་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཚན་རིག་དང་མཐུན་པའི་འགོག་སྲུང་ཤེས་བྱ་ཁྱབ་གདལ་བཏང་ནས། མང་ཚོགས་ཚོས་ཡང་དག་དང་དཔྱོད་ཤེས་ཀྱི་སྒོ་ནས་རིམས་ནད་ལ་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ། རང་ངོས་ནས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་དོ་ཁུར་དང་གླེང་ཕྱོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་དགོས། ཆུ་དང་། གློག སོལ་རླངས་སོགས་གྲོང་ཁྱེར་གྱི“སྲོག་རྩ”སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་རྒྱུན་གཏན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། རིན་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་ཚོང་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཐོན་པའི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་ཆབས་ཅིག “བརྟན་པོ་དྲུག”གི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས། གདེང་ཚོད་བརྟན་པོ་ཡོང་བ་བྱེད་དགོས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་རིམས་ནད་ཀྱི་རྡབ་རྡེག་ནི་དུས་ཐུང་ཙམ་ཞིག་ཡིན་པ་གསལ་པོར་མཐོང་བ་བྱས་ཏེ། གནད་དོན་དང་དཀའ་ངལ་ལ་སྐྲག་ནས་དཔའ་ཞུམ་རྒྱུ་མེད། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ནས། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁག་ཧུར་ཐག་སྒྲུབ་དགོས། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་རྣམ་གྲངས་གསར་པ་ལས་འགོ་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གྲོང་མིའི་འཛད་སྤྱོད་གཏན་དུ་གཏོང་བ་དང་། དྲ་རྒྱའི་འཛད་སྤྱོད་མང་དུ་བཏང་སྟེ་བདེ་ཐང་རིགས་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས། ཁེ་ལས་དང་བྱ་གཞག་ཚན་པའི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་སྟེ། རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་པའི་ཁེ་ལས་ལ་དངུལ་རྩ་དང་ལས་སྤྱོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དཀའ་ངལ་ལས་སྒྲོལ་རོགས་བྱེད་དགོས། རིམས་ནད་ཇི་ཙམ་ཐོན་ན། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུར་དེ་ཙམ་གྱིས་དོ་སྣང་བྱེད་དགོས་པ་དང་། ལྷག་དོན་དུ་ལས་ཞུགས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་བྱས་ཏེ་གཞི་ཁྱོན་ཆེ་བའི་ལས་མི་ཉུང་འཕྲི་བྱེད་རིགས་བཀག་འགོག་བྱེད་དགོས་ཞེས་གསུངས་པ་རེད།

འདི་ནི་ཞི་ཅིན་ཕིང་གིས་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཏི་ཐན་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ལྟེ་གནས་སུ་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་མཁན་ཅིན་དབྱིང་ཐེན་སྨན་ཁང་དང་། ཞེ་ཧོ་སྨན་ཁང་། ཧོ་ཧྲེན་ཧྲན་སྨན་ཁང་བཅས་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། ད་དུང་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་ཡང་གནང་བཞིན་པ།
འདི་ནི་ཞི་ཅིན་ཕིང་གིས་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཏི་ཐན་སྨན་ཁང་གི་རྒྱང་བསྟེན་སྨན་བཅོས་ལྟེ་གནས་སུ་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་མཁན་ཅིན་དབྱིང་ཐེན་སྨན་ཁང་དང་། ཞེ་ཧོ་སྨན་ཁང་། ཧོ་ཧྲེན་ཧྲན་སྨན་ཁང་བཅས་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། ད་དུང་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་ཡང་གནང་བཞིན་པ།

  
style="display:none;"