མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་
ཚོགས་འདུ་གཙོ་སྐྱོང་གནང་ནས། སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་ཐོན་སྐྱེད་དང་
མཁོ་སྤྲོད་སྔར་བས་མང་དུ་གཏོང་བ་དང་སྨན་དོན་མི་སྣ་སྐོང་འཐེན་དང་སྨན་རྫས་ཞིབ་སྤེལ་ལ་
ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུད་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་འགོ་ཁྲིད་ལས་དོན་ཚོགས་ཆུང་གི་བཀོད་སྒྲིག་ཐེངས་མང་ལ་གཞིགས་ཏེ། ལས་དོན་དོན་འཁྱོལ་ལ་སྔར་བས་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་ལ་བརྩི་བ། “སྔ་ཙམ་བཞི”དང“གཅིག་སྡུད་བཞིའི”ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་། འགོ་ཚད་དང་འཆི་ཚད་དམའ་རུ་འགྲོ་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ས་གནས་ཀྱི་གཏོགས་ཁོངས་འགན་འཁྲི་ནན་དུ་གཏོང་བ་དང་། ནོར་ཁྲལ་དངུལ་རྩ་དང་སྲིད་གཞུང་གི་བསྡུ་ཉར་གྲབས་གསོག་སོགས་སྲིད་ཇུས་དོན་འཁྱོལ་བྱེད་པ། མ་བཅོས་རྒྱུ་ཆ་དང་ལས་མི་སྤྱོད་པ་སོགས་ཀྱི་དཀའ་ངལ་མཐུན་སྦྱོར་དང་ཐག་གཅོད་བཅས་བྱས་ཏེ། སྨན་སྤྱོད་འགོག་སྲུང་གྱོན་གོས་དང་ཁ་རས་སོགས་ཐོན་སྐྱེད་ཁེ་ལས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་བཟོ་རྩལ་གསར་པ་སྤྱོད་པ་དང་། ཐོན་སྐྱེད་རྒྱ་སྐྱེད་དང་། ཕྱོགས་སྒྱུར། གསར་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། སྨན་པས་སྤྱོད་པའི་འགོག་སྲུང་གྱོན་གོས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་དགོས། མ་བཅོས་རྒྱུ་ཆ་དང་ཐོན་སྐྱེད་སྒྲིག་ཆས་སོགས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་སྤྱོད་ཁ་རས་ཀྱི་མཁོ་སྤྲོད་རྒྱ་སྐྱེད་གཏོང་དགོས། འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་གྱི་གཙོ་གནད་ས་ཁུལ་གཞན་དག་གི་དགོས་མཁོ་སྔར་བས་འགན་སྲུང་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ཡོངས་ནས་ཁྱོན་སྨན་དོན་མི་སྣ་ཁྲི་2ཙམ་ཧུའུ་པེའི་ཝུའུ་ཧན་དང་དེ་མིན་གྱི་ས་ཁུལ་མང་པོར་སྨན་བཅོས་སྐྱོབ་བཅོས་བྱེད་པར་མངགས་ཡོད། ཝུའུ་ཧན་གྲོང་ཁྱེར་རང་ངོས་ཀྱི་སྨན་བཅོས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ་དང་། ཞིང་ཆེན་འགའ་ཞིག་ལ་མཐུན་སྦྱོར་བྱས་ནས་མུ་མཐུད་སྨན་བཅོས་རུ་ཁག་སྐོང་འཐེན་གྱིས་ཝུའུ་ཧན་ལ་རྒྱབ་སྐྱོར་བྱེད་པ། གནས་གཏན་འཁེལ་གྱི་སྨན་ཁང་དང་གཅིག་སྡུད་ལོགས་འཇོག་ས་ཚིགས་ཀྱི་སྨན་དོན་མི་སྣ་ལུགས་མཐུན་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་ཞིང་ཆེན་19ཡིས་རང་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ་དང་ཆབས་ཅིག ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་ལ་སྨན་དོན་མི་སྣའི་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཏོག་གསར་གློ་ཚད་ཀྱི་སྨན་རྫས་སོགས་ཞིབ་སྤེལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་རིག་གི་ཆོས་ཉིད་ལ་བརྩི་བཀུར་གྱིས་ཚན་ཞིབ་དང་ནད་ཐོག་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་དང་། སྨན་རྫས་དང་སྨན་ཁབ་ཞིབ་སྤེལ། བརྟག་ཞིབ་ཚད་ལེན་གྱི་ལག་རྩལ་དང་ཐོན་རྫས། ནད་དུག་གི་འབྱུང་རྩ་དང་ཁྱབ་ལམ་སོགས་གཙོ་གནད་ལ་དམིགས་ཏེ་འགག་སྒྲོལ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས། དུས་ཐོག་ཏུ་མངོན་གསལ་དོད་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། ཁོངས་མིའི་ཚན་པ་ཁག་གིས་ཉིན་མཚན་དབྱེར་མེད་ངང་ལས་རེས་བྱེད་པ། ས་ཁུལ་ཁག་གིས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ལྡན་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་ཆབས་ཅིག ཟོག་འགྲེམས་བཀག་འགོག་དང་རྒྱུན་གཏན་གྱི་ལས་འགོ་བསྐྱར་འཛུགས་ལ་འགོག་རྐྱེན་བཟོ་བ་སོགས་ཐད་ཀྱི་གནད་དོན་གཅིག་ཤེས་རྟོགས་བྱུང་ཚེ་དེ་ཐག་གཅོད་བྱས་ཏེ། འབྲུ་རིགས་དང་ཤ་ཚལ་སྒོང་གསུམ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་པ། འཐབ་ས་དང་པོའི་སྨན་དོན་མི་སྣར་འགོག་རྐྱེན་མི་བཟོ་བ་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

  
style="display:none;"