འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎2019ལོར་མཚོ་སྔོན་གྱི་དབྱར་རྩྭ་ཕྱིར་གཏོང་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་གྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་11ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ཟི་ལིང་འགག་སྒོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་ཟླ་དང་པོ་ནས་བཅུ་གཉིས་པའི་བར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་ཚད་སྤྱི་རྒྱ་459ཟིན་པ་དང་ཟོག་གོང་སྒོར་དུང་ཕྱུར་0.52ཟིན་ཞིང་། དེ་ནི་ལོ་གོང་མའི་དུས་མཚུངས་ལས་156.4%དང་89.5%འཕར་བས། ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་གྱུར་ཡོད་པ་རེད།    
     དབྱར་རྩྭ་དགུན་འབུ་ནི་མཚོ་བོད་ས་ཁུལ་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་ཞིང་། དེར“གསེར་མཉེན་པོ”ཞེས་ཀྱང་འབོད་སྲོལ་ཡོད་པ་དང་། 《ཀྲུང་གོའི་སྨན་གཞུང》ནང་ཚུད་པའི་སྲོལ་རྒྱུན་གྱི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྒྱུ་ཞིག་རེད། མཚོ་སྔོན་ཞིང་ཆེན་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ཐོན་རྫས་ཀྱི་སྤུས་ཀ་ལེགས་པ་དང་། ཕྱིར་གཏོང་ལོ་རྒྱུས་ཡུན་རིང་ལྡན་པས། རང་རྒྱལ་གྱི་ཞང་ཀང་འཛད་སྤྱོད་ཚོང་ར་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ཏུ་ཕྱིར་སྡོད་ཀྲུང་གོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
     “2019ལོ་ནི་ང་ཚོའི་ཀུང་སིས་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་ལས་སྒོ་སྤེལ་བའི་ལོ་དང་པོ་དེ་ཡིན་པ་དང་། དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་མི་དམངས་ཤོག་སྒོར་ཁྲི་2800ལས་བརྒལ་ཡོད།  ”མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་གསེར་འོད་གཡང་ཕན་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གི་འགན་འཁུར་བ་བཀྲ་ཤིས་བསོད་ནམས་ཀྱིས། “ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་། ཁོངས་གཏོགས་ས་ཆ། འགག་སྒོ་བཅས་ཀྱིས་མཁོ་འདོན་བྱས་པའི་མཐུན་རྐྱེན་མང་པོར་བརྟེན་པ་ལས་ཀུང་སིའི་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་དུས་ཐུང་ནང་ཆེས་ཆེར་འཕར་ནས། ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་དེ་བས་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད། མིག་སྔར་ཀུང་སིས་ཤང་ཀང་གི་ཚོང་ཤག་དང་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་300ཡི་མངགས་ཐོ་བཞག་ཡོད།
     ཟི་ལིང་འགག་སྒོའི་ཕྱོགས་བསྡུས་ལས་སྒོའི་བརྟག་ཞིབ་པ་ཀུའོ་ཆིང་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བདེ་བླག་ངང་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་དུས་འཁོར་གཟའ་འཁོར་གཅིག་ནས་ཉིན་གཅིག་བར་ཐུང་དུ་བཏང་བ་རེད། ཁྲལ་འཕྲི་དངུལ་གཅོག་གི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོའི་ལས་སྒྲུབ་ལྷུ་ཚིགས་ཀྱི་དངུལ་བསྡུ་དང་ཁེ་ལས་ཀྱི་ཁུར་པོ་མེད་པའི་འགག་སྒྲོལ་མངོན་འགྱུར་བྱུང་ཡོད། རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་ཁེར་རྐྱང”གི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དྲ་སྦྲེལ་+འགག་སྒོའི་ལས་སྒོའི་རྣམ་པ་བཏོད་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགག་སྒོའི་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།