འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་11ཉིན།

༄༅༎ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་11ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་འཚོགས་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུ་སྐབས་སོ་གསུམ་པར་གློག་འཕྲིན་བཏང་གནང་སྟེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ན་ནིང་ཚུན་དུ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྣེ་ཁྲིད་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། ཨ་ཧྥེ་རི་ཁའི་བྱེད་སྟངས་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་བེད་སྤྱོད་གཏོང་འགོ་བཙུགས་པ། ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་འབད་ཀྱི་གོམ་སྟབས་བརྟན་པོའི་ངང་སྤོས་པ་བཅས་ལས་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་རྒྱུན་མི་ཆད་པར་ཆེ་རུ་སོང་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱིས་ཀྲུང་ཧྥེའི་མཛའ་གྲོགས་འབྲེལ་བར་སྣེ་ཁྲིད་ནས་ཚ་རླབས་གསར་པ་ཞིག་འཕྱུར་བ་དང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཡོང་བཞིན་པའི་མདུན་དུ། སྔར་བས་དམ་ཟབ་ཆེ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུ་དེ་ཀྲུང་ཧྥེའི་མི་དམངས་ཀྱི་ཐུན་མོང་ཁེ་དབང་དང་མཐུན་ཡོད། སླད་ཕྱིན་ཀྲུང་གོ་ཕྱོགས་ཀྱིས་ཟོལ་མེད་རྣམ་དག་གི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྥེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། ཨ་ཧྥེ་རི་ཁ་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུ་དང་ཀྲུང་ཧྥེའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།