འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་10ཉིན།

༄༅༎བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་གསར་གློ་ཚད་སྔོན་འགོག་གི་བོད་སྨན་ཞིབ་འཇུག་བྱ་རྒྱུ་སྒྲིག་འཛུགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་10ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་7ཉིན་བོད་ལྗོངས་སུ་ཏོག་གསར་གློ་ཚད་འགོ་བའི་ནད་རྟགས་གསར་པ་ཐོན་མེད་པ་དང་། གཞན་ཡང་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ནས་བོད་སྨན་གྱིས་ཏོག་གསར་གློ་ཚད་སྔོན་འགོག་བྱ་རྒྱུའི་ཐད་ཞིབ་འཇུག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།    
     2020ལོའི་ཟླ་2ཚེས་6ཉིན་གྱི་ཆུ་ཚོད་24བར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་སྙན་ཞུ་བྱས་པར་གཞིགས་ན་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གསར་པ་གཏན་འཁེལ་བྱས་པའི་ནད་དཔེ་1དང་། ནད་གཞི་ཚབས་ཆེན་གྱི་ནད་དཔེ་0  ཚེ་འདས་ནད་དཔེ་0 སྨན་ཁང་ནས་ཐོན་པའི་ནད་དཔེ་0བཅས་ཡིན་པ་རེད། མིག་སྔར། ནད་པའི་ཚེ་སྲོག་བརྟན་པོ་ཡོད་པ་དང་། རྗེས་འདེད་ཐུབ་པའི་དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་མིས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།    
     ཚེས་6ཉིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་བོད་སྨན་གྱིས་ཏོག་གསར་གློ་ཚད་སྔོན་འགོག་བྱེད་པའི་ཚན་རིག་ཞིབ་འཇུག་ལས་དོན་བཀོད་སྒྲིག་བྱས་པ་དང་། རིམས་ནད་སྔོན་འགོག་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས་ 《རྒྱུད་བཞི》དང་དེ་མིན་དཔེ་རྙིང་ཚད་ལྡན་ཡིག་ཆའི་ནང་གི་རིམས་ནད་འགོག་བཅོས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་སར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། རིམས་ནད་འགོག་བཅོས་ཀྱི་གསུང་རབ་ནང་གི་གོ་ཆོད་པའི་བཅོས་ཐབས་ཞིབ་འཇུག་ལེགས་སྒྲིག་བྱེད་པ། ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་ལས་དོན་མགྱོགས་མྱུར་སྤེལ་བ། ད་དུང་ད་ཡོད་ཀྱི་རིམས་ནད་ཐད་སྤྱོད་པའི་བོད་སྨན་ཐོན་རྫས་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་འཇུག་ཇུས་གཞི་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་གི་ནང་དོན་དང་། བྱ་ཐབས། ནུས་ལྡན་རང་བཞིན་གྱི་དམིགས་ཚད་བཅས་བཟོ་བ་དང་དུས་མཚུངས་སྨན་རྫས་སྦྱོར་རྟ་དང་སྨན་སྤྱོད་ཐབས་ལམ་ཐད་ཤུགས་སྣོན་བརྒྱབ་ནས་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྤྱོད་གོ་ཆོད་པའི་བོད་སྨན་ཐོན་རྫས་གང་མགྱོགས་ཞིབ་བཟོ་བྱེད་དགོས་པའི་བླང་བྱ་འདོན་པ་རེད།  
     གཞན་ཡང་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མི་27ལས་གྲུབ་པའི་པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་ལྔ་པ་སྔ་སྣུར་དུ་བོད་ལ་ལོག་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་བྱས་པ་རེད།    
     རུ་ཁག་དེའི་སྨན་པ་21གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཞབས་ཞུ་བྱས་པ་དང་། མི་4ཡིས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དུ་ཞབས་ཞུ་བྱས་ཡོད།    
     ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་བཏང་བ་དང་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་ཉོ་སྒྲུབ་བྱེད་རོགས་བྱས་པའི་སྨན་དོན་དངོས་རྫས་ལྷ་སར་འབྱོར་ཞིང་། དེའི་ནང་N95ཡི་ཁ་རས་དང་དེ་བཞིན་སྨན་སྤྱོད་ཁ་རས་གཞན་ཁྲི་2དང་། འགོག་སྲུང་གྱོན་ཆས་ཆ་ཚང་2000  མིག་སྲུང་མིག་ཤེལ་3000བཅས་ཚུད་ཡོད་པ་རེད།