འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་9ཉིན།

༄༅༎“ཁོ་ཚོ་ནི་ས་མཐོའི་ཁུར་མོང་དང་འདྲ་བར་གང་དུ་ཡོད་ཀྱང་དེ་གར་ རྣམ་པར་བཀྲ་བའི་མེ་ཏོག་བཞད་ཐུབ”

—— ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གིས་འཛམ་གླིང་གི་ས་བབ་མཐོ་ཤོས་སུ“ནུས་པ་བཞིར”བརྟེན་ནས་འབད་འཐབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་09ཉིན། 18:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཡར་བརྩོན་དང་རྒྱང་སྐྱོད། ས་བབ་དེ་བས་མཐོ་སར་བསྐྱོད་པ།
     “དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། གསོ་རླུང་དཀོན་ཀྱང་སྙིང་སྟོབས་མི་ཉམས་པ། མཐུན་སྒྲིལ་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ། ས་བབ་མཐོ་ལ་གོ་རྟོགས་དེ་བས་མཐོ”
     ཚིག་དུམ་བཞི་པོ་འདི་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་མི་རེ་ངོ་རེའི་སེམས་སུ་བརྟན་པོར་བཅངས་ཡོད། ཁོ་ཚོས་བོད་ཀྱི་ས་བབ་མཐོ་ཤོས་དང་། ས་ཐག་རིང་ཤོས། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ས་ཁུལ་དུ་རང་གི་རྐང་རྗེས་བཞག་ནས། ས་བབ་མཐོ་སར་ལོ་རེར་མི་རེས་ཆ་སྙོམས་བཅར་འདྲི་བྱས་པའི་ཉིན་གྲངས་193ཟིན་པ་དང་། ཡན་ལག་ཁང་གིས་ལོ་གཅིག་ལ་རྩོམ་འབྲི་དང་གཏོང་སྤེལ་བྱས་པའི་ཡི་གེ་དང་། པར་རིས། སྒྲ་འཕྲིན། བརྙན་ལམ་སོགས་ཀྱི་གསར་འགྱུར་རྩོམ་ཡིག་7500ལྷག་ཙམ་ཟིན་ཡོད།
     རྩྭ་མདའ་རྫོང་ནས་ལམ་ཐག་སྤྱི་ལེ་313དང་ལྷ་ས་ནས་ལམ་ཐག་སྤྱི་ལེ་2000ལྷག་ཙམ་ཆོད་པའི་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་བྱེས་བགྲོད་རླངས་འཁོར་ལ་བསྡད་ནས་རི་ཁུག་ཏུ་ཆུ་ཚོད་བདུན་ཙམ་སྐྱོད་དགོས་པ་དང་། ས་བབ་མཐོ་ཚད་སྨི་5000ཡན་གྱི་ལ་ཆེན་4རྒྱག་དགོས།
     མ་གཞི་བགྲང་བྱ་གཅིག་ལྷག་ཙམ་འདས་ཟིན་མོད། འོན་ཀྱང་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པ་ཁྲེན་ཧྲང་ཚའེ་ཡིས་རང་ཉིད་ཁོར་ཞག་ལ་སྡོད་སྐབས“རྩ་འཛུགས་ཀྱིས་ཁྱེད་རང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་གཞོན་པར་གནས་སྦྱར་དང་གནས་སྡོད་རྟོག་ཞིབ་བྱེད་པར་མངགས་རྒྱུའི་གཏན་འབེབས་བྱས་སོང”ཞེས་པའི་ཁ་པར་ཞིག་འབྱོར་བ་ད་དུང་ཡང་གསལ་པོར་ངེས་ཡོད།
     ཕྱོགས་ལ་མ་ཐོན་གོང་། རྩྭ་མདའ་རྫོང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་ཀྱིས་ཁྲེན་ཧྲང་ཚའེ་ལ། ཚོ་སྲིབ་གསུམ་དཀྱིལ་ཤང་དུ་གངས་ཆེན་བབས་ནས་ལམ་འགག་གྲབས་ཡོད་པ་དང་། དོས་དྲག་ནད་ཕོག་ཚེ་ཐད་འཕུར་གནམ་གྲུ་ཡོད་ཀྱང་སྐྱོབ་ཐབས་བྲལ་བས། སྔོན་ལ་ཁྱེད་རང་རྫོང་གྲོང་དུ་བསྡད་ན་དགའ་ཞེས་སྨྲས་པར“རྫོང་གྲོང་དུ་བསྡད་ན་ག་ལ་འགྲིག རྟོག་ཞིབ་གང་འདྲ་བྱེད་དགོས་སམ”ཞེས་ཁྲེན་ཧྲང་ཚའེ་ཡིས་སེམས་བཟང་དང་ལེན་མ་བྱས།
     མགོ་ཟུག་ན་བ་དང་། གྲོད་པ་བཤལ་བ། སྣ་ཁྲག་དོན་པ། སྨུག་ཕྱིའི་འོད་ཀྱིས་ངོ་གདོང་གི་པགས་བཞུད་སོགས་ས་མཐོར་གསོ་རླུང་མི་འདང་བ་དང་། ཁ་བ་བུ་ཡུག་འཚུབ་པ། གློག་དང་དྲ་བ་ཆད་པ་སོགས་དཀའ་ཚེགས་ཤིན་ཏུ་ཆེ་བའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”དུ། ཁྲེན་ཧྲང་ཚའེ་ཡིས་ཤང་ཡོངས་ཀྱི་དུད་ཚང་70ལྷག་ཙམ་ཚང་མར་བཅར་འདྲིར་བསྐྱོད་པར་རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་2000ལྷག་ཙམ་ཟིན་པ་དང་། འབྲོག་ཁྱིམ་དུ་གནས་ཚང་ཐེངས་12གཡར་ནས་གསར་འགྱུར་རྩོམ་ཡིག་20ཙམ་བྲིས་པ་རེད།
     ཚོ་སྲིབ་གསུམ་དཀྱིལ་ཤང་དུ་སྐྱོད་དོན་ཡང་། ཡན་ལག་ཁང་དང་ཤང་དེའི་དབར་སྔ་ས་ནས་ལས་དབང་གིས་དམ་པོར་སྦྲེལ་ཡོད། 2018ལོའི་ཟླ་9པར་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གིས་མི་བདུན་ལས་གྲུབ་པའི་ཡན་ལག་རུ་ཆུང་ཞིག་མངགས་ནས། མངའ་རིས་ས་ཁུལ་དུ་ཆེད་དོན་བཅར་འདྲི་རྟོག་ཞིབ་གཏིང་ཟབ་བྱས་པར་ལམ་ཐག་སྤྱི་ལེ་5000ལྷག་ཟིན་པ་དང་། འགྲོ་ཐེངས་གཅིག་ལ་མངའ་རིས་ས་ཁུལ་གྱི་རྫོང་བདུན་ཚང་མ་བསྐོར་ཡོད།
     ཏང་རྟགས་དང་ཏང་དར། ཏང་གཤིས་སློབ་གསོའི་རྩ་བ་གཏིང་ཟབ་བཙུགས་པ།
     2017ལོའི་ཟླ་དྲུག་པའི་ཟླ་སྨད་དུ་ཡན་ལག་ཁང་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ནམས་ནོར་བུས་ཡན་ལག་ཁང་གི་འགོ་ཁྲིད་དང་མཉམ་དུ་ས་བབ་སྨི་5430ཡོད་པའི་གདང་ལའི་འཁྱག་རོམ་ཁུལ་དུ་ཚན་ཞིབ་འཕྲིན་སྤེལ་ཡན་ལག་རུ་ཆུང་ལ་ལྟ་བར་བསྐྱོད། སྐབས་དེར་པར་ལེན་གསར་འགོད་པ་ལས་ཀས་རྐྱེན་པས་སྐྱོད་ཐུབ་མེད་པ་དང་། ཚན་ཞིབ་རུ་ཁག་གིས་འཁྱག་སྙིང་གཏོལ་བའི་གཏན་འཁེལ་བྱས་པས། བསོད་ནམས་ནོར་བུས་རང་འགུལ་ངང་རྗེས་མཐུད་འཕྲིན་སྤེལ་བྱེད་པར་སྡོད་རྒྱུའི་རེ་བ་བཏོན།
     ཟླ་6ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཡོལ་ཙམ་ནས་ཟླ་7ཚེས་1ཉིན་གྱི་ཐོ་རེངས་བར་དུ་བསོད་ནམས་ནོར་བུ་དང་ལས་རོགས་ཀྱིས་རུས་པར་ཟུག་ཟེར་རྒྱག་པའི་གྲང་རླུང་ཁྲོད་པར་ཆས་ཁྱེར་ནས་གངས་འཁྱག་རྡོག་པས་བརྫིས་ཏེ་ཚན་ཞིབ་རུ་ཁག་དང་མཉམ་དུ་འཁྱག་རོམ་དུ་ཐེངས་གཉིས་བསྐྱོད།
     ཟླ་7ཚེས་1ཉིན་གྱི་ཐོ་རེངས་སུ་དྲོད་ཚད་དམའ་ཤོས་སུ་ཆག་པ་དང་ཚན་ཞིབ་རུ་ཁག་གི་འཁྱག་སྙིང་གཏོལ་ཐེངས་གཉིས་པ་ལེགས་གྲུབ་བྱུང་།
     “དེ་རིང་ནི་ཏང་གི་འཁྲུངས་སྐར་རེད། འདི་གར་ཡོད་པ་སུ་དང་སུ་གུང་ཁྲན་ཏང་ཡོན་ཡིན་པ་ལག་པ་རྐྱོངས་དང”ཞེས་ཚན་ཞིབ་རུ་ཁག་གི་སྣེ་ཁྲིད་པས་བུ་ཡུག་ཁྲོད་དུ་ལངས་ནས་སེམས་འགུལ་ཐེབས་བཞིན་བརྗོད།
     སྐབས་དེར་མི་5ཡིས་ལག་པ་བརྐྱངས་པ་དང་། དེའི་ནང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་2ཡོད། “སྐབས་དེ་དུས་ང་རང་ལ་སྤོབས་སེམས་ཚད་མེད་སྐྱེས་བྱུང”ཞེས་བསོད་ནམས་ནོར་བུས་བརྗོད།
     ད་ཆ་ཡན་ལག་ཁང་ནས་མངགས་པའི་བཅར་འདྲིའི་ཡན་ལག་རུ་ཆུང་ཚང་མས་ཕྱོགས་ལ་མ་ཐོན་གོང་ལམ་ཆས་དང་སྒྲིག་ཆས་ཚང་ཡོད་མེད་ཞིབ་བཤེར་བྱེད་པ་ཕུད། ད་དུང་ཏང་དར་དང་ཏང་རྟགས་ཁྱེར་ཡོད་མེད་ལ་ཆེད་མངགས་ཞིབ་བཤེར་བྱེད་ཀྱི་ཡོད། འདི་ནི་ཉེ་བའི་ལོ་ཤས་རིང་ཡན་ལག་ཁང་གི་གསར་འགོད་པ་གཞི་རིམ་དུ་བཅར་འདྲིར་སྐྱོད་སྐབས་འཇགས་པའི་གོམས་གཤིས་བཟང་པོ་ཞིག་རེད།
     རྒྱུན་འཛིན་དང་རྒྱུན་མཐུད་། ས་མཐོར་གསར་འགྱུར་གྱི་ས་བོན་བཏབ་པ།
     1960ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀོ་ཁྲའོ་རེན་གྱིས་དཀའ་ངལ་ཁྱད་དུ་བསད་ནས་ཀྲུང་གོ་རི་འཛེག་རུ་ཁག་དང་མཉམ་དུ་ཇོ་མོ་གླང་མ་འཛེག་པར་བསྐྱོད་པ་དང་། ས་བབ་སྨི་6600མཚམས་ནས་རྗེས་སོར་རྒྱ་ཡིག་སློབ་དེབ་ཏུ་འཁོད་པའི་རྒྱས་འཕྲིན《འཛམ་གླིང་ཡང་རྩེར་དར་དམར་བཙུགས》བྲིས།
     ཝང་ཆིན་ཨའུ་ནི་ལོ་རབས་90པའི་ནང་སྐྱེས་ཀྱི་པེ་ཅིང་གི་བུ་མོ་ཞིག་ཡིན་པ་དང་། པེ་ཅིང་སློབ་ཆེན་ནས་ཞིབ་འཇུག་སློབ་མ་ཐོན་རྗེས་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་པའི་དུས་རབས་གསར་པའི“ཤིན་ཧྭ་བ”ཞིག་བྱེད་པའི་གྱོད་མེད་གདམ་ཀ་བྱས།
     “འཇིགས་རུང་སྒར་སར”འབོད་པའི་ས་བབ་སྨི་6500ཡོད་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་ཁོང་དང་ལས་རོགས་ཚོས་སྒར་སའི་དོ་དམ་བ་དང་། རི་འཛེག་བ། ས་གནས་དེ་གའི་མང་ཚོགས་བཅས་ལ་བཅར་འདྲི་བྱས་ནས། ཆུ་ཚོད་གཅིག་ལྷག་ཙམ་ཟིན་པའི་རྒྱ་ཡིག་དང་དབྱིན་ཡིག་གི་བརྙན་ལམ་པར་ལེན་ལེགས་སྒྲུབ་བྱས་པ་ནི། ད་བར་ཤིན་ཧྭ་གསར་འགྱུར་ཁང་གིས་ཕྱི་རྒྱལ་ལ་བཏང་བའི་ས་བབ་མཐོ་ཤོས་ཀྱི་སྨྱན་སྦྱོར་འཕྲིན་སྤེལ་ལ་གྱུར་ཡོད།
     ཡན་ལག་ཁང་གི་གཞོན་སྐྱེས་ཀྱི་འཚར་ལོངས་ལ་ལྟ་བཞིན། རང་ཉིད་ཡན་ལག་ཁང་དུ་སླེབས་དུས་གསོ་སྦྱོང་དང་ལེན་བྱས་པའི་གནས་ཚུལ་ཀྲང་ཅིང་ཕིན་གྱི་ཡིད་ལ་འཆར་བ་སྟེ། 2012ལོར། རི་པིན་གྱི་སྐད་ཡིག་ཆེད་ལས་ཐོན་པའི་ཁོང་ཡན་ལག་ཁང་དུ་ལས་བགོས་བྱས་པ་དང་། “གསར་འགྱུར་ཐད་ཀྱི་ཤེས་བྱ་གང་ཡང་ཤེས་ཀྱི་མེད་པས”ལས་ཀ་མང་པོ་ཞིག་འགོ་རྩོམ་ཐབས་བྲལ། དེ་རྗེས། ཡན་ལག་ཁང་གིས་གསར་འགོད་པ་རྙིང་པ་ནོར་བུ་ཚེ་རིང་ཀྲང་ཅིང་ཕིན་གྱི་ཆེད་ལས་མཛུབ་ཁྲིད་དགེ་རྒན་ལ་མངགས། དེ་ནས་བཟུང་། ནོར་བུ་ཚེ་རིང་བཅར་འདྲིར་སྐྱོད་སྐབས་ཁོང་ཡང་མཉམ་དུ་འཁྲིད་ཀྱི་ཡོད་པ་དང་། ཁོང་གིས་བྲིས་པའི་གསར་འགྱུར་ལ་བཟོ་བཅོས་ཡང་ཡང་རྒྱག་གི་ཡོད།
     ད་ཆ། ཀྲང་ཅིང་ཕིན་རང་ཉིད་ཀྱང་ཡན་ལག་ཁང་གི་མཛུབ་ཁྲིད་དགེ་རྒན་དུ་གྱུར་ཡོད་ལ། ཉེ་ཆར། ཁོང་དང་ཁོང་གིས་མཛུབ་ཁྲིད་བྱེད་པའི་གསར་འགོད་པ་གསར་པ་མཉམ་དུ་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ། མཚེའུ་གཉིས་རྫོང་དུ་བཅར་འདྲིར་བསྐྱོད། “གཞོན་སྐྱེས་གསར་འགོད་པ་ཁྲིད་དེ་ཁོ་ཚོར་སྦྱོང་བརྡར་བྱེད་པའི་གོ་སྐབས་མང་ཙམ་སྤྲོད་དགོས”ཞེས་ཀྲང་ཅིང་ཕིན་གྱིས་བརྗོད།
     “བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པས་ཁྱེད་རང་ལ་བག་ཆགས་གང་འདྲ་བཞག་བྱུང”ཞེས་འདྲི་སྐབས། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསྟན་འཛིན་ཆོས་འཕེལ་གྱིས“ཁོ་ཚོ་ནི་ས་མཐོའི་ཁུར་མོང་དང་འདྲ་བར་གང་དུ་ཡོད་ཀྱང་དེ་གར་རྣམ་པར་བཀྲ་བའི་མེ་ཏོག་བཞད་ཐུབ”ཅེས་བརྗོད།