འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་6ཉིན།

༄༅༎བོད་ལྗོངས་ཆབ་མདོར་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་མཁན་ལ་ཆད་པ་ནན་པོ་བཅད་པ་སྟེ། 
མི་8ལ་ཁ་ཏ་བྱས་པ་དང་མི་7བཀག་ཉར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་06ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན། དེང་སྐབས་ནི་མི་སེམས་གཅིག་ཏུ་བསྒྲིལ་ནས་རིམས་ནད་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། དྲ་དམངས་ཁག་གཅིག་གིས་བདེན་མིན་ཞིབ་དཔྱད་མ་བྱས་པའི་གནས་ཚུལ་འོག་དྲ་རྒྱའི་ཐོག་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་ཁྱབ་བསྒྲགས་དང་བརྒྱུད་སྤེལ་བྱས་པ་མ་ཟད། ཐ་ན་དཀྲོག་གཏམ་ཡང་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད། བོད་ལྗོངས་ཆབ་མདོའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་ཕར་རྒོལ་བྱས་ནས་དྲ་ཐོག་ཏུ་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། མིག་སྔའི་བར་ཆབ་མདོའི་ཉེན་རྟོག་ཕྱོགས་ཀྱིས་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་དང་ཆ་འཕྲིན་75ཤེས་རྟོགས་བྱུང་བ་དང་། ཁྲིམས་ལྟར་མི་7སྲིད་འཛིན་བཀག་ཉར་བྱས་པ་དང་མི་8ལ་སློབ་གསོ་བརྒྱབ་ནས་ཁ་ཏ་བསླབ་བྱ་བྱས་ཡོད་པ་རེད།    
     ཟླ་1ཚེས་29ཉིན་ཆབ་མདོའི་གོ་འཇོ་རྫོང་གི་ཕྱི་ནས་ཡོང་བའི་མི་སྣ་ཧྲེན་ཆེ་གེ་མོས་འདར་སྒྲའི་ཐོག་ཏུ་“ཆབ་མདོའི་གོ་འཇོ་རྫོང་དུ་མཚན་མོ་ནང་ས་ནས་ལྐོག་ཏུ་མི་ཡོང་བའི”དཔྱད་གཏམ་སྤེལ་རྗེས། འཕྲལ་མར་ཆབ་མདོའི་དྲ་དམངས་ལ་འཇིགས་སྣང་གི་བསམ་བློ་སྐྱེས། ཆ་འཕྲིན་དེ་ཤེས་རྟོགས་བྱུང་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་འབྲེལ་ཡོད་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་ཧྲེན་ཆེ་གེ་མོའི་དཔྱད་གཏམ་གྱི་ནང་དོན་ནི་རྐང་བཙུགས་ནས་དཀྲོག་གཏམ་བརྒྱུད་བསྒྲགས་བྱས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་གསལ་པོ་བཟོས་པ་མ་ཟད། ཧྲེན་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། མཐར་ཧྲེན་ཆེ་གེ་མོ་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་དང་དངུལ་ཆད་སྒོར་500བཅད་པ་རེད།    
     ཆབ་མདོའི་སྟེང་ཆེན་རྫོང་གི་གྲོང་མི་ཚེ་ཆེ་གེ་མོས་འཕྲིན་ཕྲན་ཐོག་གཅོག་འདུས་ངང་”ཁ་འདོན་དེ་ཐེངས་བཅུ་ཀློག་པ་དང་བརྒྱུད་སྐུར་ཐེངས་བཅུ་བྱས་ན། དགུན་དུས་ཆམ་པ་མི་ཕོག་པ་དང་། གལ་ཏེ་མ་ཀློག་པ་དང་བརྒྱུད་སྐུར་མ་བྱས་ན་ཉིན་གསུམ་གྱི་རྗེས་སུ་ཆམ་པ་ཕོག་སྲིད”ཅེས་འཁོད་པའི་པར་རིས་ཆ་འཕྲིན་བརྒྱུད་སྤེལ་བྱས་པས། སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་ཚེ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་བདུན་གྱི་ཆད་པ་བཅད་པ་རེད།
     ཆབ་མདོའི་སྤྱི་བདེས་དྲ་རྒྱ་ནི་བཅའ་ཁྲིམས་ཀྱི་ཕྱི་རོལ་དུ་གནས་པ་ཞིག་མིན་ལ་དྲ་ཐོག་ཆ་འཕྲིན་ཁྱབ་བསྒྲགས་དང་གཏམ་བརྗོད་སྤེལ་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་དང་བཟོ་བ་དང་། དཀྲོག་གཏམ་ཤོད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆབ་མདོའི་སྤྱི་བདེས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན་པའི་དྲན་སྐུལ་བྱས་ཡོད་པ་རེད། རྒྱ་ཆེའི་དྲ་གྲོགས་ཚོས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ་བཅས་མ་བྱས་པར་སྤྱོད་གཙང་ཞི་མཐུན་གྱི་དྲ་རྒྱའི་བར་སྟོང་ཤིག་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད།