འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་6ཉིན།

༄༅༎རང་རྒྱལ་གྱིས་ཐེན་ཅིན་གྱི་པེ་ཏ་གྲུ་ཁ་སོགས་གནས་7རྒྱལ་སྤྱིའི་འདམ་ར་གལ་ཆེན་ལ་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་06ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་རྒྱལ་གྱིས་ཐེན་ཅིན་གྱི་པེ་ཏ་གྲུ་ཁ་དང་། ནང་སོག་གི་པི་ལཱ་གཙང་པོ། ཧེ་ལུང་ཅང་གི་ཧ་ཏུང་ཡན་གཙང་པོ། ཅང་ཤིས་ཕན་ཡང་གི་ཧུའུ་ནན་འདམ་ར། ཧོ་ནན་གྱི་མིན་ཆོན་རྨ་ཆུའི་འདམ་ར། བོད་ལྗོངས་ཀྱི་གནམ་མཚོ། དེ་བཞིན་ཀན་སུའུ་རྨ་ཆུའི་འདམ་ར་སོགས་གནས་7རྒྱལ་སྤྱིའི་འདམ་ར་གལ་ཆེན་ལ་གཏན་འཁེལ་བྱས་པ་རེད།
     རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉེ་བའི་ལོའི་རིང་། རང་རྒྱལ་གྱིས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། འདམ་ར་སྲུང་སྐྱོང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བ། སྣོད་བཅུད་ཕན་འབྲས་ཁ་གསབ་ལ་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་སོགས་བྱེད་ཐབས་སྤྱད་པ་ལས་རྒྱལ་ཡོངས་ཀྱི་འདམ་རར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད། 2019ལོའི་ལོ་མཇུག་བར། རང་རྒྱལ་ལ་འདམ་ར་རྒྱ་ཁྱོན་སྤྱི་ཆིང་ཁྲི་5360.26ཡོད་པ་དང་འདམ་ར་སྲུང་སྐྱོང་བྱེད་ཚད་52.19%ཟིན་ཡོད། མིག་སྔར་རང་རྒྱལ་གྱི་འདམ་ར་སྲུང་སྐྱོང་མ་ལག་ཐོག་མར་བཙུགས་ཤིང་། ཁྱོན་བསྡོམས་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་57དང་། འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་602 རྒྱལ་ཁབ་འདམ་རའི་སྤྱི་གླིང་899 ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་781 དེ་བཞིན་གྲངས་འབོར་མང་བའི་འདམ་ར་སྲུང་སྐྱོང་ཁུལ་ཆུང་བཅས་ཡོད་པ་རེད།
     གཞན་ཡང་རང་རྒྱལ་གྱིས་རྒྱལ་ནང་གི་འདམ་ར་སྲུང་སྐྱོང་དང《དམིགས་བསལ་ཆུ་བྱ་འཚོ་སྡོད་ཁུལ་གྱི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་སྤྱི་ཆིངས》ཁ་ཆད་ལག་བསྟར་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཁ་ཆད་ལག་བསྟར་དང་རྒྱལ་སྤྱིའི་དབར་མཉམ་ལས་དང་། རྒྱལ་སྤྱིའི་འདམ་ར་སྲུང་སྐྱོང་གི་སྔོན་ཐོན་འདུ་ཤེས་དང་ལག་རྩལ་ནང་འདྲེན། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་འདམ་ར་སྲུང་སྐྱོང་གི་ཐབས་ཤེས་དང་ཉམས་མྱོང་ངོ་སྤྲོད། འདམ་ར་སྲུང་སྐྱོང་གི་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་གི་དྲ་རྒྱའི་གཞི་ཁྱོན་ཆེ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།