འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་23ཉིན།

༄༅།།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ནས་གློ་ཚད་གསར་པའི་ནད་དཔེ་571ཐོན་པ་
གཏན་འཁེལ་བྱས་པ་དང།  མི་17འཆི་བ་བསྟན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་23ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་22ཉིན་གྱི་ཆུ་ཚོད་24ཡི་ཐོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཁྱོན་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་ནད་དཔེ་571ཐོན་པའི་སྙན་ཞུ་འབྱོར་བ་གཏན་འཁེལ་བྱས་ཡོད་པ་དང་། དེའི་ཁྲོད་ནད་གཞི་ལྕི་བའི་ནད་དཔེ་95དང་། མི་17འཆི་ཡོད་པ་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)13གྱིས་རིམ་རྩིས་བྱས་ན་ཁྱོན་དོགས་གཞི་ཡོད་པའི་ནད་དཔེ་393སྙན་ཞུ་བྱས་ཡོད་པ་རེད། 
    ཚེས་22ཉིན་གྱི་ཆུ་ཚོད་0ནས་24ཡི་བར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡིས་གསར་འཕར་བྱུང་བའི་ནད་དཔེ་131གཏན་འཁེལ་བྱས་པ་དང་། ནད་པ་8འཆི་བའི་ནང་སྐྱེས་པ་5དང་བུད་མེད་3ཡོད་པ་དེ་དག་ནང་ལོ་53ལ་སླེབས་པ་གཅིག་ཡོད་པ་ཕུད། དེ་བྱིངས་ཚང་མ་ལོ་65ཡན་གྱི་རྒན་རྒོན་ཡིན་པ་དང་ལོ་80ཡན་གྱི་ནད་པ་5ཡོད་པ་རེད།  ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)13གྱི་སྙན་ཞུའི་ནང་དོགས་གཞི་ཡོད་པའི་ནད་དཔེ་257མང་དུ་ཕྱིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁྱོན་25ནས་རིམས་ནད་ཐོན་པའི་སྙན་ཞུ་འབྱོར་བའི་ནང་ཧོ་པེ་དང་། ལེའོ་ཉིང་། ཅང་སུའུ། ཧྥུའུ་ཅན་བཅས་ཞིང་ཆེན་4མང་དུ་ཕྱིན་ཡོད། 
    ཕྱི་ནས་བརྡ་ཁྱབ་བཏང་སྟེ་གཏན་འཁེལ་བྱས་པའི་ནད་དཔེའི་ནང་། ཀྲུང་གོའི་ཤང་ཀང་ལ་ནད་དཔེ་1དང་། ཀྲུང་གོའི་ཨའོ་མོན་ལ་ནད་དཔེ་1 ཀྲུང་གོའི་ཐའེ་དབན་ལ་ནད་དཔེ་1བཅས་ཡོད་པ་དང་། ཨ་རིར་ནད་དཔེ་1དང་། རི་པིན་ལ་ནད་དཔེ་1 ཐེ་ལན་ལ་ནད་དཔེ་3 ཧན་གོར་ནད་དཔེ་1བཅས་ཡོད་པ་རེད།
    མིག་སྔའི་བར་ནད་པ་དང་འབྲེལ་བ་དམ་ཟབ་བྱས་ཡོད་པའི་མི་5897རྗེས་འདེད་ཐུབ་ཡོད་པ་དང་། མི་969ལ་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ། མི་4928ཀྱིས་ད་ལྟ་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།