འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།མཚོ་སྔོན་པོའི་ཆུ་ཁ་ལོ་15བསྟུད་མར་རྒྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོའི་རྒྱུག་ཁུལ་གྱི་ཆར་པ་འབབ་ཚད་ཅུང་མང་བའི་རྐྱེན་གྱིས་རང་རྒྱལ་གྱི་སྐམ་སའི་མཚོ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོའི་ཆུ་ཁ་2019ལོར་སྨི་0.56རྒྱས་པ་དང་། སྐབས་དེར་མཚོ་སྔོན་པོའི་ཆུ་ཁ་ལོ་15བསྟུད་མར་རྒྱས་ནས་དུས་རབས་གོང་མའི་ལོ་རབས་60པའི་དུས་འགོའི་ཆུ་ཚད་སླར་གསོ་ཐུབ་ཡོད།
    མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཏའེ་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་མཚོ་སྔོན་པོའི་ཆུ་རྒྱུད་དུ་ལོར་ཆར་པ་འབབ་པའི་ཐོན་ཁུངས་ཀྱི་ཚད་གཞི་ནི་རྒྱུན་གཏན་མ་ཡིན་པའི་ཆར་ཆུ་འཛོམས་པའི་ལོ་ཞིག་རེད། ཆར་པ་འབབ་ཚད་རྒྱུན་གཏན་ལས་མང་བ་དང་རྒྱུག་ཁུལ་ཁག་གི་ཆུ་བོའི་རྒྱུག་ཚད་མུ་མཐུད་འཕར་ནས་མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་ངང་རྒྱས་ཡོད།
     མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཐོན་ཁུངས་རྩད་ཞིབ་ཅུས་ཀྱི་དཔྱད་གཞིའི་ཡིག་ཆ་ལས་མངོན་པར་གཞིགས་ན། 2019ལོར་ཆ་སྙོམས་ཆུ་ཁ་སྨི་3195.97ཟིན་པ་དེ་ལོ་གོང་མ་ལས་སྨི་0.56རྒྱས་པ་དང་། 2005ལོ་ནས་2019ལོ་བར་ཁྱོན་ཆུ་ཁ་སྨི་3.11རྒྱས་ཡོད།
    གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོའི་མཚོ་སྔོན་པོའི་རྒྱུག་ཁུལ་གྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་447.7ཟིན་ནས་རྒྱུན་གཏན་ལས་བཅུ་ཆ་གཉིས་ཀྱི་མང་བ་ཡོད། མཚོ་སྔོན་པོའི་རྒྱུག་ཁུལ་གྱི་ས་ཁུལ་ཁག་ཏུ་ཆར་ཆུ་འབབ་ཚད་ཧའོ་སྨི་444.2ནས་451.2བར་ཟིན་ནས་རྒྱུན་གཏན་ལས་ཆ་སྙོམས་བཅུ་ཆ་གཉིས་ཀྱིས་མང་བ་ཡོད། མཚོ་སྔོན་པོའི་རྒྱུག་ཁུལ་མཐའ་འཁོར་གྱི་ཆུ་བོའི་རྒྱུག་ཚད་འཕར་ནས་ཆུ་ཁ་རྒྱུན་མཐུད་ངང་རྒྱས་ཡོད།
     མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་པོར“ཀྲུང་གོའི་མཚོ་མཛེས་ཤོས”ཀྱི་མཚན་སྙན་ཡོད་པ་དང་། དེ་ནི་མཚོ་བོད་ས་མཐོའི་བྱང་ཤང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྐྱོང་བའི་ཆུ་གཟུགས་གལ་ཆེན་ཞིག་རེད་ལ། ནུབ་རྒྱུད་ཐང་རྒོད་ཅན་དེ་ཤར་ལ་མཆེད་རྒྱུར་བཀག་འགོག་བྱེད་པའི་རང་བྱུང་གི་འཇུར་མིག་ཅིག་ཀྱང་རེད།
      ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས། མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་ངང་རྒྱས་པ་དེ་ནི་མཐའ་འཁོར་གྱི་གནམ་གཤིས་བཞའ་ཚན་ཆེ་རུ་དང་དྲོ་རུ་འགྲོ་རྒྱུར་ཕན་པ་ཡོད་པ་མ་ཟད། ས་གནས་དེ་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་། བྱ་རིགས་ཀྱི་འཚོ་སྡོད་ཁོར་ཡུག་དང་། དེ་བཞིན་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཡང་ཕན་པ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཆུ་ཁ་རྒྱུན་མཐུད་ངང་རྒྱས་པ་དེས་མཐའ་འཁོར་གྱི་ཡུལ་སྐོར་སྒྲིག་བཀོད་ལ་ཤུགས་རྐྱེན་ངན་པ་ཕོག་སྲིད་ཅེས་བརྗོད།