འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།རང་བྱུང་ཐོན་ཁུངས་པུའུ་ཡིས། རྒྱལ་ཡོངས་སུ་ཁྲིམས་འགལ་སྒྲིག་འགལ་ངང་རྨོ་ཞིང་སྤྱོད་ཚད་མུའུ་ཁྲི་
114.26ཟིན་པའི་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རང་བྱུང་ཐོན་ཁུངས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2019ལོའི་རྨོ་ཞིང་སྲུང་སྐྱོང་དང་ལྟ་ཞིབ་ཀྱི་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད། གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་བྱས་འབྲས་ལས་མངོན་གསལ། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོང་གི་དུས་བབ་ཛ་དྲག་པོ་ཡོད་དེ། རྒྱལ་ཡོངས་སུ་ཁྲིམས་འགལ་སྒྲིག་འགལ་ངང་རྨོ་ཞིང་སྤྱོད་ཚད་མུའུ་ཁྲི་114.26ཟིན་པའི་ནང་གཏན་འཇགས་རྨོ་ཞིང་སྤྱོད་ཚད་མུའུ་ཁྲི་14.34ཟིན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ལྟ་ཞིབ་བྱས་འབྲས་ལས་ས་ཆ་ཁག་གཅིག་ཏུ་རྨོ་ཞིང་སྲུང་སྐྱོང་དང་། འཕེལ་རྒྱས་འགན་ལེན། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་མེད་པ་དང་། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱུང་མེད་པ། བཟུང་གསབ་དོ་སྙོམས་ལམ་ལུགས་ལག་བསྟར་ཡག་པོ་བྱུང་མེད་པ། ས་ཆ་བེད་སྤྱོད་ཞིབ་ཕྲ་མེད་པ་བཅས་ལས་རྨོ་ཞིང་སྲུང་སྐྱོང་གི་དུས་བབ་ཛ་དྲག་པོ་ཡོད་པ་རེད། ཁྲིམས་འགལ་སྒྲིག་འགལ་ངང་རྨོ་ཞིང་སྤྱད་པ་ཕུད། ད་དུང་ཕྱོགས་གསུམ་གྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པ་སྟེ།
     གཅིག་ནས་རྨོ་ཞིང་ཁ་གསབ་ཀྱི་གྲངས་འབོར་དོན་དངོས་དང་མི་མཐུན་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་28ཀྱི་རྣམ་གྲངས་ཁག་གཅིག་གི་རྨོ་ཞིང་ཁ་གསབ་གྲངས་འབོར་དོན་དངོས་དང་མི་མཐུན་པ་ཤེས་རྟོགས་བྱུང་བ་དེ་མུའུ་ཁྲི་16.98དང་འབྲེལ་བ་ཡོད་པ་དང་། གཙོ་བོ་ད་ཡོད་རྨོ་ཞིང་གི་རྒྱ་ཁྱོན་དེ་ཞིབ་བཤེར་རྩིས་ལེན་བྱས་ནས་མཛོད་དུ་བཅུག་པའི་རྒྱ་ཁྱོན་ལས་ཆུང་བ་དང་། ས་ཆ་དངོས་ཀྱི་གནས་ཚུལ་རྨོ་ཞིང་མིན་པ། རྨོ་བསྐྱུར་ནགས་གསོ་བྱས་ཟིན་པའི་ས་ཆ་ས་ཞིང་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་པ་སོགས་ཡིན་པ་རེད།
     གཉིས་ནས་རྨོ་ཞིང་རྟགས་བརྒྱབ་ནས་བཟུང་བ་དང་བེད་མེད་དུ་བསྐྱུར་ནས་འཕྲོ་བརླག་བཏང་བ། ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་རིགས་ཐག་གཅོད་བྱེད་རིང་ས་ཆ་མཁོ་འདོན་རྫུས་མ་དང་ཆོག་འཐུས་ཡིག་ཆ་ཕྱིར་འཐེན་རྫུས་མ་བྱེད་པ་སོགས་ཀྱི་གནད་དོན་ཡོད་པའི་རྣམ་གྲངས་ཁག་1826དང་མུའུ་ཁྲི་15.4ཡོད་པ་ཤེས་རྟོགས་བྱུང་བ་དང་། བེད་མེད་ས་ཆ་ཐག་གཅོད་ཡག་པོ་མ་བྱུང་བའི་གནད་དོན་ཡོད་པའི་རྣམ་གྲངས་728དང་མུའུ་ཁྲི་5.41ཡོད་པ་ཤེས་རྟོགས་བྱུང་བ་རེད།
      གསུམ་ནས་ཁྲིམས་འགལ་སྒྲིག་འགལ་ངང་འཛུགས་སྐྲུན་ལ་རྨོ་ཞིང་སྤྱོད་པར་ཞིབ་མཆན་འགོད་པ། ཞིང་ཆེན་ཁག་གཅིག་གིས་བཟུང་གསབ་དོ་སྙོམས་ལ་གཡོལ་ཆེད། རྨོ་ཞིང་འཛུགས་སྐྲུན་ལ་སྤྱོད་པ་སོགས་ས་ཆའི་རིགས་གཞན་དག་ལྟར་གོང་རིམ་ལ་ཞིབ་མཆན་འགོད་པར་ཕུལ་བ་དེ་མུའུ་ཁྲི་9.49དང་འབྲེལ་བ་ཡོད་པ་རེད།
     ལྟ་ཞིབ་བྱེད་རིང་ད་དུང་ཐོན་བཟོ་ཡོད་པའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་རིགས་གཉིས་ཤེས་རྟོགས་བྱུང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ནོར་འཁྲུལ་ཡོ་བསྲང་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནི“མཛེས་ལྗོངས་ལས་གྲྭ”ཐལ་དྲགས་ནས་ཁྲིམས་འགལ་སྒྲིག་འགལ་ངང་རྨོ་ཞིང་སྤྱད་དེ་གཏོར་སྐྱོན་གཏོང་གི་ཡོད་པ་དེ་རེད། 2017ལོ་ནས་བཟུང་གྲོང་ཁྱེར་གྱི་མཛེས་ལྗོངས་སྤྱི་གླིང་དང་། གཙང་པོ་དང་མཚེའུའི་རྒྱུད་ཀྱི་སྔོ་འགྱུར་ཁུལ། མཚོ་མོ་དང་འདམ་རའི་སྤྱི་གླིང་། གྲོང་ཁྱེར་གྱི་སྔོ་འགྱུར་བར་བཅད་ཁུལ་སོགས་མི་ཐབས་ལས་གྲྭ་1368ལ་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་མེད་པ་དང་རྨོ་ཞིང་མུའུ་ཁྲི་18.67དང་གཏན་འཇགས་གཞི་རྩའི་ས་ཞིང་མུའུ་ཁྲི་5.79དང་འབྲེལ་བ་ཡོད་པ་རེད། གཉིས་ནས་ས་ཆ་ཁག་གཅིག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་སྣོན་འཕྲི་བྱ་དང་འབྲེལ་བའི་ཞིང་ཆེན་ལས་བརྒལ་བའི་སྙོམས་སྒྲིག་དམིགས་ཚད་དོན་དངོས་དང་མི་མཐུན་པ། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་སྒྲིག་གཞིས་2018ལོར་ཞིབ་བཤེར་རྩིས་ལེན་བྱས་པའི་ཞིང་ཆེན་7གྱི་ཤིན་ཏུ་དབུལ་བའི་རྫོང་47གྱི་སྣོན་འཕྲི་སྦྲེལ་མཐུད་རྣམ་གྲངས་ལ་ཞིབ་དཔྱད་བསྡུར་བཤེར་བྱས་པ་ལས་ས་ཆ་ཁག་གཅིག་ཏུ་ལྷག་འཕྲོའི་དམིགས་ཚད་དོན་དངོས་དང་མི་མཐུན་པའམ་ཐ་ན་རྫུན་བཟོ་བྱས་པའི་གནད་དོན་ཡོད་པ་དེ་མུའུ་1136.17དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད།