འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།མི་སྤྱི་པུས་ཚན་ཞིབ་མི་སྣས་ལས་ཐོག་གམ་ཡང་ན་ལས་གནས་ནས་བྲལ་ཏེ་ལས་གཏོད་བྱེད་པར་སྐུལ་
ལྕག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། མཐོ་སློབ་དང་ཚན་ཞིབ་ཁང་སོགས་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣའི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་དང་ཚན་རྩལ་གྲུབ་འབྲས་གཞན་འགྱུར་གྱི་ལས་གཏོད་སྤྲོ་སེམས་འཕེལ་བར་བྱས་ཏེ། “གཉིས་གཏོད”བྱེད་སྒོའི་ཁྲོད་ཀྱི་དེའི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་ཆེད། མི་སྤྱི་པུས《བྱ་གཞག་ཚན་པའི་ཚན་ཞིབ་མི་སྣས་གསར་གཏོད་དང་ལས་གཏོད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་སྔར་ལས་ལྷག་པ་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣས་གསར་གཏོད་དང་ལས་གཏོད་བྱེད་པར་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་སྐུལ་ལྕག་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
    《མཛུབ་ཁྲིད་བསམ་འཆར》ནང་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣས་གསར་གཏོད་དང་ལས་གཏོད་བྱེད་པར་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་རྒྱུའི་སྲིད་ཇུས་ཞིབ་ཕྲ་ཁ་གསལ་བཏོན་པ་སྟེ། གཅིག་ནི་ཚན་ཞིབ་མི་སྣར་ལས་ཞོར་དུ་གསར་གཏོད་དང་། ལས་ཐོག་ཏུ་ཁེ་ལས་འཛུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་རང་འཁྲིའི་ལས་དོན་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག་མི་དོན་འབྲེལ་བ་གནས་སའི་ཚན་པའི་ཁེ་ཕན་དང་ཐོབ་ཆར་ཤུགས་རྐྱེན་མི་ཕོག་པ་བྱེད་དགོས་པ་མ་ཟད། ལས་ཞོར་རམ་ཡང་ན་གསར་དུ་བཙུགས་པའི་ཁེ་ལས་ཀྱི་ལས་བཟོ་དང་འདྲ་བར་གླ་ཕོགས་དང་། བྱ་དགའ། རྐང་དབང་བཅས་ལོངས་སྤྱོད་བྱ་ཆོག གཉིས་ནི་ཚན་ཞིབ་མི་སྣར་ལས་གནས་ནས་བྲལ་ཏེ་ཁེ་ལས་འཛུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས་པ་དང་། ཚན་ཞིབ་མི་སྣ་ལས་གནས་ནས་བྲལ་ཏེ་ཁེ་ལས་འཛུགས་སྐབས་བྱ་གཞག་ཚན་པའི་ཆོག་མཆན་འཐོབ་དགོས་པ། དུས་བཀག་ལོ་3ལས་བརྒལ་མི་རུང་བ་དང་། དུས་བཀག་ཐིམ་རྗེས་གསར་དུ་བཙུགས་པའི་ཁེ་ལས་ལ་ད་དུང་ཁེ་བཟང་མ་བྱུང་ན་དུས་འགྱངས་ཐེངས་1བྱ་ཆོག་པ་དང་དུས་འགྱངས་ཀྱི་དུས་བཀག་ལོ་3ལས་བརྒལ་མི་རུང་། གསུམ་ནི་བྱ་གཞག་ཚན་པས་ཚན་ཞིབ་མི་སྣ་ཁེ་ལས་སུ་ལས་ཀའམ་ཡང་ན་རྣམ་གྲངས་ཀྱི་མཉམ་ལས་ལ་ཞུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས་པ་དང་། འདེམས་གཏོང་མི་སྣའི་མི་དོན་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཏེ་འདེམས་གཏོང་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱེད་དགོས། བཞི་ནི་བྱ་གཞག་ཚན་པས་གསར་གཏོད་ལས་གནས་དང་སྐོར་སྐྱོད་ལས་གནས་འཛུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ་དང་། གསར་གཏོད་ལས་གནས་ཀྱི་བཀོད་སྒྲིག་དང་མི་འདེམས་མི་སྤྱོད་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་ལས་གནས་ཀྱི་ཚན་ཞིབ་མི་སྣར་དོ་དམ་ཡག་པོ། སྐོར་སྐྱོད་ལས་གནས་ལ་བབ་བསྟུན་དོ་དམ་བཅས་བྱེད་དགོས།