འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ཀྱིས་རིམ་རྩིས་བྱས་ན་ཐུམ་འབུའི་ནད་པ་5000ལྷག་ ཙམ་ལ་གཤགས་བཅོས་བྱས་པ།

ནད་ཕོག་ཚད་0.26%བར་ཆག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། བོད་ཀྱིས་རིམ་རྩིས་བྱས་ན་ཐུམ་འབུའི་ནད་པ་5057ལ་གཤགས་བཅོས་བྱས་པ་དང་སྨན་རྫས་ལ་བརྟེན་ནས་ནད་པ་15421ལ་སྨན་བཅོས་བྱས་པས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ལ་ནད་ཕོག་ཚད་མཐོ་བའི་སྣང་ཚུལ་ཡང་བཀག་འགོག་ནུས་ལྡན་ཐུབ་ནས་ནད་ཕོག་ཚད་2016ལོའི་1.66%ནས་2019ལོའི་0.26%བར་ཆག་ཡོད། ཐུམ་འབུའི་ནད་ཁྱབ་ཆེ་བའི་བོད་ཀྱི་རྫོང(ཆུས)72ཀྱི་ནད་ཕོག་ཚད་ཚང་མ་1%མན་དུ་ཆག་ནས《བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཇུས་གཞིའི》ཁྲོད་གཏན་འཁེལ་བྱས་པའི་རྫོང(ཆུས)40ཡིས་བླང་བྱ་དེ་སྒྲུབ་དགོས་པའི་སྤྱིའི་འཆར་འགོད་ལས་མང་བ་ལེགས་གྲུབ་བྱུང་ནས་བོད་ཀྱིས་མིའི་ཆ་སྙོམས་ཀྱི་རེ་སྨོན་ཚེ་ཚད་མཐོ་རུ་གཏོང་བ་དང་། ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་ཚད་ཉུང་དུ་གཏོང་བ། ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་ཉུང་དུ་གཏོང་བ་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཉེ་བའི་ལོའི་རིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག རྒྱལ་ཡོངས་ཀྱི་དགེ་མཚན་ལྡན་པའི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་མཐུན་སྦྱོར་དང་སྐོང་འཐེན་བྱས་ནས་སྨན་བཅོས་དང་རིམས་ནད་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་བོད་དུ་རིམས་ནད་རིག་པའི་རྟོག་ཞིབ་དང་། མི་ཚོགས་ཡོངས་ལ་བརྟག་དཔྱད། སྨན་བཅོས་རོགས་སྐྱོབ། བདེ་ཐང་སློབ་གསོ། ཕན་འབྲས་ལ་དཔྱད་དཔོག་སོགས་ཀྱི་ལས་དོན་སྤེལ་རོགས་བྱེད་པར་ཡོང་རྒྱུ་སྒྲིག་འཛུགས་བྱས་པས་བོད་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས། གོམ་སྟབས་རྗེས་མར་བོད་ཀྱིས་བྱ་ཐབས་དེ་གོ་སྐབས་སུ་བཟུང་ནས་ཉམས་མྱོང་ཕྱོགས་སྡོམ་དང་ལག་རྩལ་ཁྱབ་གདལ་བཏང་སྟེ་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་ལྷོད་གཡེང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྦྲགས་འདུས་འདྲིལ་གཅོང་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ནད། གྲུམ་ནད(རུས་ཚིགས་ནད) ཨེ་ཙིའི་ནད། སེམས་ཁམས་ཀྱི་ནད་སོགས་རིམས་ནད་གལ་ཆེན་གྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། བོད་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་མུ་མཐུད་གཡས་གཞོགས་གཡོན་འདེགས་བྱས་ནས་སྨན་བཅོས་འཕྲོད་བསྟེན་ལས་བྱུང་བའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་སོགས་གྲོང་ཁྱེར(ས་ཁུལ)དང་སྡེ་ཚན་17དང་མི་སྒེར་ལ་གཟེངས་བསྟོད་སྤྲད་ཅིང་། གྲོང་ཁྱེར(ས་ཁུལ)དང་སྡེ་ཚན་ལ“བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་དང་། ལྗོངས་ཕྱི་ནང་གི་བློ་མཐུན་200ལ“བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ། རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་མཁན་ཅང་སུའུ་ཞིང་ཆེན་ཁྲང་ཧྲུའུ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སྒོ་བསྟེན་སྨན་བཅོས་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་ཧོང་དབྱི་ཧྭ་ལ“བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།